རང་དབང་ཁང་པའི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་རང་དབང་གི་ཚད་གཞི་ཀླད་ཀོར་ལ་ཟགས་འདུག
ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་གསར་ཤོས་ནང་། བོད་ནི་རང་དབང་གི་ཚད་གཞི་ཀླད་ཀོར་ལ་ཟགས་ནས་འཛམ་གླིང་ཐོག་རང་དབང་ཆེས་སྡུག་ཤོས་གྲས་ཀྱི་ས་ཁུལ་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་༢ ཚེས་༢༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པས་བཏོན་པའི་ཕྱི་ལོ་༢༠༢༤ ་ལོའི་ལོ་འཁོར་སྙན་ཐོའི་ནང་། བོད་ནང་གི་ཆབ་སྲིད་རང་དབང་གི་ཚད་གཞི་བརྒྱ་ཆ་༤༠% ་ནས་ཀླད་ཀོར་འོག་གི་༢ དང་། སྤྱི་དམངས་ཀྱི་འདོད་དབང་བརྒྱ་ཆ་༦༠% ནས་༢ ་བཅས་བོད་ནང་གི་རང་དབང་གི་ཚད་གཞི་དེ་བརྒྱ་ཆ་བརྒྱ་ནས་ཀླད་ཀོར་ཡིན་པ་གསལ་སྟོན་བྱས་འདུག

རང་དབང་ཁང་པས་ཕྱི་ལོ་༢༠༢༣ ལོའི་སྙན་ཐོའི་ནང་བོད་ནང་གི་ཆབ་སྲིད་རང་དབང་དང་སྤྱི་དམངས་ཀྱི་འདོད་དབང་བཅས་སྤྱི་ཡོངས་ཀྱི་རང་དབང་གི་ཚད་གཞི་ལ་བརྒྱ་ཆ་བརྒྱ་ནས་གཅིག་སྤྲད་ཡོད་ཀྱང་། ལོ་འདིར་བོད་ནང་གི་རང་དབང་ཚད་གཞི་བརྒྱ་ཆ་ཀླད་ཀོར་ལ་ཟགས་པ་ནི་འདས་པའི་ལོ་ངོ་བརྒྱད་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་གྱུར་ཡོད་འདུག
རང་དབང་ཁང་པས་འཛམ་གླིང་ནང་གི་རྒྱལ་ཁབ་༡༩༥ ་དང་རྩོད་གླེང་ཡོད་པ་དང་། ཡང་ན་གཞན་གྱི་དབང་བསྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཁག་༡༥ ་ལ་དཔྱད་ཞིབ་ཀྱིས་རང་དབང་ལྡན་པ་དང་། ཕྱེད་རང་དབང་ལྡན་པ། རང་དབང་མེད་པ་བཅས་རིམ་པ་གསུམ་དུ་ཕྱེས་ཡོད་་པའི་ནང་བོད་ནི་རང་དབང་མེད་པའི་ཁོངས་སུ་ཚུད་ཡོད་པ་མ་ཟད། བོད་ནང་གི་རང་དབང་གི་གནས་སྟངས་ནི་བྱང་ཀོ་རི་ཡ་དང་སི་རི་ཡ། ལྷོ་སུ་ཌན་སོགས་ཀྱི་གནས་སྟངས་ལས་ཞན་པ་ཡོད་འདུག
ད་ལྟའི་ཆར་འཛམ་གླིང་ནང་རྒྱལ་ཁབ་༡༩༥ ལས་བརྒྱ་ཆ་༣༨% ནི་རང་དབང་མེད་པའི་ཁོངས་སུ་ཡོད་པ་དང་། བརྒྱ་ཆ་༢༠% ནི་རང་དབང་ལྡན་པའི་རྒྱལ་ཁབ་ནང་ཡོད་པ། བརྒྱ་ཆ་༤༢% ་ནི་ཕྱེད་རང་དབང་ལྡན་པའི་རྒྱལ་ཁབ་ནང་ཡོད་པ་བཅས་འཛམ་གླིང་ནང་མི་འབོར་མང་ཆེ་བ་ཕྱེད་རང་དབང་ལྡན་པའི་རྒྱལ་ཁབ་ནང་གནས་སྡོད་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
