རཱ་ཧྥ་ལ་ཀུན་གྱིས་ལྟོས་ཞེས་པའི་འབོད་ཚིག་དེ་སྤྱི་ཚོགས་དྲ་ལམ་དུ་སྐད་གྲགས་འགྲོ་བཞིན་པ།

ཨི་སི་རེལ་གྱིས་གྷ་རྫའི་ལྷོ་ཕྱོགས་ཁུལ་གྱི་གྲོང་ཁྱེར་རཱ་ཧྥའི་ཐོག་གནམ་རྒོལ་བྱས་པས་མི་ཧ་ཅང་མང་པོ་འདས་གྲོངས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་ཡོད་འདུག་པས།སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་པོས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༩ ཉིན་(Times of India) ཡི་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གྷ་རྫའི་ལྷོ་ཕྱོགས་ཁུལ་གྱི་གྲོང་ཁྱེར་རཱ་ཧྥ་ལ་ཨི་སི་རེལ་གྱིས་གནམ་རྒོལ་བྱས་པས་མི་མང་ལ་ཧ་ཅང་གིས་ཚབས་ཆེ་བའི་གནོད་སྐྱོན་ཕོག་སྟེ་འཛམ་གླིང་ཡོངས་ནས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་འདུག་ལ། ཡུན་རིང་མ་སོང་བར་མི་གསོད་ཁྲག་སྦྱོར་བྱས་པའི་འདྲ་པར་དང་། མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པའི་འདྲ་པར་རྣམས་སྤྱི་ཚོགས་དྲ་རྒྱའི་ཐོག་ཁྱབ་པས་འཛམ་གླིང་གི་མི་ས་ཡ་མང་པོས་ཛ་དྲག་གི་གནས་ཚུལ་འདི་ངེས་པར་དུ་མཚམས་འཇོག་བྱེད་དགོས་ཞེས་ངོ་རྒོལ་གྱི་སྐད་འབོད་རྒྱག་འགོ་བཙུགས་ཡོད་འདུག མི་ཕལ་མོ་ཆེས་སྤྱི་ཚོགས་དྲ་རྒྱའི་ཐོག་ངོ་རྒོལ་བྱེད་སྐབས། “རཱ་ཧྥ་ལ་ཀུན་གྱིས་ལྟོས་(All eyes on Rafah)ཞེས་པའི་འབོད་ཚིག་འདི་ཁྱབ་སྤེལ་ཆེན་པོ་བཏང་ཡོད་འདུག རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མ་Priyanka Chopra ལ་སོགས་པའི་སྙན་གྲགས་ཅན་གྱི་མི་མང་པོས་ངོ་རྒོལ་གྱི་ལས་འགུལ་ནང་འཛུལ་ཞུགས་བྱས་ཡོད་འདུག ངོ་རྒོལ་དེ་ཟླ་འདིའི་ཚེས་༢༦ ལ་འགོ་འཛུགས་བྱས་ཡོད་པ་དང་། མཚོན་དོན་ནི་མི་ཚོས་དོ་སྣང་དང་རོགས་སྐྱོར་དགོས་ཡོད་པའི་ཞུ་འབོད་དང་། སྤྱི་ཚོགས་དྲ་ལམ་བརྒྱུད་ནས་དམག་འཁྲུག་འབྱུང་སའི་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཐོག་ནས་བར་འདུམ་དགོས་པའི་ངུ་སྒྲ་དང་རེ་འབོད་དེ་ཚང་མས་གོ་བའི་ཆེད་དུ་ཡིན་འདུག ལས་འགུལ་འདི་ནི་སྤྱི་ཚོགས་དྲ་རྒྱ་ཡོངས་ནས་དམིགས་བསལ་གྱིས་Instagram ཞེས་པ་དེའི་ཐོག་སྐད་གྲགས་སོང་བ་དང་། མི་ས་ཡ་༤༥ ཡས་མས་ཀྱིས་ལས་འགུལ་དེ་ཁྱབ་སྤེལ་བཏང་ཡོད་འདུག རཱ་ཧྥ་ཞེས་པའི་གྲོང་ཁྱེར་དེ་ནི་ཨི་ཇིབ་ཀྱི་ས་མཚམས་སུ་ཡོད་པ་དང་། ཨི་སི་རེལ་དང་པ་ལ་སི་ཐན་བར་གྱི་དམག་འཁྲུག་འབྱུང་སའི་ལྟེ་གནས་དེ་ཆགས་ཡོད་འདུག
(Reuters) གྱི་སྙན་ཐོ་ལྟར་ན། ཉེ་ཆར་གནམ་རྒོལ་བྱས་པ་དེའི་རྐྱེན་གྱིས་མི་༤༥ གྲོངས་ཡོད་པ་དང་། མི་༢༠༠༡ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ལས་འགུལ་བ་ཚོས་མིས་བཟོས་རིག་ནུས་བརྒྱུད་གུར་རྣམས་ཕར་ཚུར་བསྒྲིགས་ནས་དབྱིན་སྐད་ཐོག་ “(All eyes on Rafah)” རཱ་ཧྥ་ལ་ཀུན་གྱིས་ལྟོས་ཞེས་བྲིས་ཡོད་འདུག་པ་དང་། དེ་ལྟར་བྲིས་ཡོད་པའི་འདྲ་པར་དེ་སྤྱི་ཚོགས་དྲ་རྒྱའི་ཐོག་ཧ་ཅང་གིས་སྐད་གྲགས་ཆེན་པོ་ཕྱིན་ཡོད་འདུག The United Nations Agency for Palestine Refugees (UNRWA) གྱིས་ “གྷ་རྫ་ནི་འཇིག་རྟེན་ཐོག་གི་དམྱལ་བ་ཞིག་ཆགས་ཡོད། ནང་མི་མང་པོས་སྐྱབས་གནས་འཚོལ་བ་དང་དམག་ནས་ཐར་ཐབས་བྱེད་ཀྱི་ཡོད། ཡིན་ཡང་གྷ་རྫའི་ས་ཁུལ་ཡོངས་རྫོགས་འཇིག་ཉེན་ཅན་ཞིག་རེད། སུ་ཡིན་ཡང་ཉེན་ཁ་ལས་ཐར་མེད། ང་ཚོ་ལ་མེ་འཕེན་མཚམས་འཇོག་དགོས་འདུག” ཅེས་སྤྱི་ཚོགས་དྲ་རྒྱའི་ཐོག་བྲིས་ཡོད་འདུག ལས་འགུལ་འདིའི་རྐྱེན་གྱིས་UN International Court of Justice (ICJ) ཡི་ཁྲིམས་དཔོན་ས་ལམ་Nawaf Salamགྱིས་ཨི་སི་རེལ་ལ་དམག་མཚམས་འཇོག་དགོས་པའི་བཀའ་བཏང་འདུག་པ་དང་། བཀའ་དེ་ལ་མི་༡༥ ནས་༡༣གྱིས་རྒྱབ་སྐྱོར་བྱས་ཡོད་འདུག ལས་འགུལ་འདི་ཡིས་ང་ཚོ་ལ་མིག་དཔེ་ཡག་པོ་ཞིག་སྟོན་བཞིན་ཡོད་པ་ནི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་བྱས་ཏེ་མཉམ་རུབ་ཀྱིས་ལས་དོན་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་དང་། རྐྱེན་ངན་འབྱུང་སྐབས་རྒྱལ་སྤྱི་ནས་དོ་སྣང་དང་། བར་འདུམ་བྱེད་དགོས་པ་གལ་ཆེན་ཡིན་པ་སོགས་བསླབ་བྱ་མང་པོ་ཡོད་འདུག
གསར་འགོད་པ། བསྟན་འཛིན་གཡང་འཛོམ།
