རིགས་དམན་པར་མཐོང་ཆུང་བྱས་ན་༧རྒྱལ་བ་རིན་པོའི་བཀའ་དང་འགལ་གྱི་ཡོད།

ཁྱེད་རང་ཚོས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ཁག་དཀྲི་ནས་ད་དུང་རིགས་དམན་ལ་མཐོང་ཆུང་རིགས་བྱེད་པ་ཡིན་ན། སངས་རྒྱས་ཀྱི་བཀའ་དང་འགལ་གྱི་ཡོད་པ་མ་ཟད། སྐབས་བབ་༸རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག

tibet.net

ཟླ་འདིའི་ཕྱི་ཚེས་༡༧ ཉིན་༧གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ཕོ་བྲང་དུ་སྤྱན་རས་གཟིག་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དང་པན་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་ཆོས་བསྩལ་ཡོད་འདུག་ཅིང་།  སྐབས་དེར་ཁོང་གིས་“ད་རེས་ཟངས་དཀར་ཡུལ་དུ་སླར་ཡང་སླེབ་པ་རེད། ཁ་སང་སྨན་ཁང་སྒོ་འབྱེད་དང་། དེ་རིང་སྔོན་ལ་ཐུགས་རྗེ་ཆེན་པོའི་དབང་དང་དེ་ནས་གྲུབ་ཆེན་མི་ཏྲ་ཛོ་གིའི་གདམས་ངག་སྙིང་པོ་དོན་གསུམ་དང་། ད་རེས་གཙོ་བོ་སྨན་ཁང་སྒོ་འབྱེད་བྱེད་རྒྱུ་ཡིན་སྟབས་དེ་དང་འབྲེལ་ནས་སང་ཉིན་སྨན་བླའི་རྗེས་གནང་བྱེད་རྒྱུ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཕྱོགས་གཅིག་ནས་ངོས་ཀྱིས་གལ་ཆེན་པོ་བརྩིས་ཏེ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཤིག་བྲིས། དེ་འབྲེལ་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་འབྲི་རྒྱུ་ཞིག་ངོས་ཀྱིས་གསར་གཏོད་ལྟ་བུ་བྱས་པ་རེད། དེར་བརྟེན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འགྲེལ་བཤད་རྒྱག་དགོས་དྲན་བྱུང་”ཞེས་དང་།

“སྔོན་མ་ངོས་རང་འདིར་ཡོང་དུས་ངོས་ལ་ཇ་སོགས་ཁྱེར་ཡོང་མཁན་རྣམས་ཡུལ་པ་ཚོས་ནམ་རྒྱུན་ཕྲན་བུ་རིགས་དམའ་བ་བརྩི་བཞིན་འདུག སངས་རྒྱས་བཅོམ་ལྡན་འདས་རང་གིས་རིགས་མཐོ་དམན་ལ་དགག་པ་ཧ་ཅང་ཆེན་པོ་བསྐྱོན་པ་རེད། བཅོམ་ལྡན་འདས་ཀྱི་སྐབས་དེ་དུས་འབྲེག་མཁན་ཞེས་ཕལ་ཆེར་སྐྲ་འབྲེག་མཁན་མིན་ནམ། དེ་དག་ལ་རིགས་དམན་པར་བརྩི་བཞིན་ཡོད། དེར་བརྟེན་འབྲེག་མཁན་ཉེ་བར་འཁོར་གྱི་རྐང་པ་ལ་རྒྱལ་པོས་སྤྱི་བོ་གཏུགས་དགོས་རེད། རྒྱ་གར་ནང་Dalit ལ་རིགས་དམའ་བར་བརྩིས་ནས། གང་ལྟར་ལུས་ཀྱི་ཆ་ཕྲ་མོ་ཙམ་ལའང་རེག་པ་ཙམ་བྱེད་མི་ཆོག་པ་ untouchable ཞེས་པའི་ཐོག་ནས་རིགས་དམན་པ་དེ་དག་ལ་རིགས་མཐོ་བ་གྲས་ཀྱིས་ཆུ་འཐུང་རྒྱུའི་ཁྲོན་པ་ནས་ཆུའང་འཐུང་མ་བཅུག་པ་སོགས་ལ་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་དམན་པར་མཐོང་ཆུང་བྱེད་རྒྱུར་མཐའ་གཅིག་ཏུ་དགག་པ་བསྐྱོན་ཡོད།”ཅེས་བཀའ་སློབ་གནང་འདུག

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “སྔོན་མ་ངོས་རང་ཕྱི་ལོ་༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་ཕྱིན་ནས་ཟླ་བ་ཁ་ཤས་བསྡད་པ་རེད། སྐབས་དེར་མའོ་ཙེ་ཏུང་ཐེངས་མང་པོ་མཇལ་ནས་བཀའ་མོལ་ཞུ་རྒྱུ་དེ་འདྲ་བྱུང་བ་རེད། ཐེངས་ཤིག་མའོ་ཙེ་ཏུང་གིས་སངས་རྒྱས་བཅོམ་ལྡན་འདས་ནི་གསར་བརྗེ་གནང་མཁན་ revolutionary ཞིག་རེད། དེའི་ཚེ་དེའི་དུས་རྒྱ་གར་ནང་རིགས་ཀྱི་དབྱེ་བ་ཧ་ཅང་རྩི་བཞིན་པ་དེར་བཅོམ་ལྡན་འདས་ཀྱིས་ངོ་རྒོལ་གནང་སྟེ་ཐོབ་ཐང་འདྲ་མཉམ་རྩོད་གནང་བ་རེད། དེར་བརྟེན་ཁོང་གསར་བརྗེ་བ་ revolutionary ཞིག་རེད་ཅེས་བཤད་སོང་། ངོས་ལ་ཧིན་རྡུའི་བླ་མ་ངོ་ཤེས་པ་མང་པོ་ཡོད། ང་ཚོ་ཐུག་པའི་སྐབས་རིགས་རུས་ཀྱི་སྐད་ཆ་བཤད་རྒྱུ་དེ་དུས་ཚོད་ཡོལ་ཟིན་པ་རེད། ཕྱོགས་གཅིག་ནས་བསམ་བློ་གཏང་ན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སྐབས་སུ་རིགས་རུས་ཀྱི་དབྱེ་བ་ཕྱེ་ནས་རིགས་མཐོ་བ་དེ་དག་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་བཟོ་འདྲ་པོ་ཞིག་དང་། རིགས་དམན་པ་དེ་དག་ངལ་རྩོལ་རྒྱུག་མཁན་གྱི་བཟོ་འདྲ་བོ་བརྩི་རྒྱུ་དེ་ཞིང་བྲན་ལམ་ལུགས་ཀྱི་ཤུགས་རྐྱེན་ཡོད། སྤྱིར་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བཤད་པ་ཡིན་ན། ཞིང་བྲན་ལམ་ལུགས་རྫོགས་ཟིན་པ་རེད། ང་ཚོ་མང་གཙོའི་རིང་ལུགས་ཐོག་འགྲོ་བཞིན་ཡོད། དེར་བརྟེན་ཞིང་བྲན་ལམ་ལུགས་དང་འབྲེལ་བ་ཡོད་པའི་དེ་འདྲའི་གོམས་གཤིས་ཆོས་ཕྱོགས་ཀྱི་མིང་ཁྱེར་ནས་ཕྱིན་པ་དེ་ཚོའི་གྲས་དུས་ཚོད་ཡོལ་བ་རེད། ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་རེད། ཅེས་ངོས་ཀྱིས་བཤད་ཀྱི་ཡོད། ནང་པའི་སྤྱི་ཚོགས་ནང་ཆ་བཞག་ན་ལོ་༢༦༠༠ གོང་ནས་བཅོམ་ལྡན་འདས་ཀྱིས་ངོ་རྒོལ་གནང་ཟིན་པ་རེད། ད་དུང་ང་ཚོས་ཡུལ་པའི་ཡུལ་ཆོས་ལྟ་བུ་བརྩིས་ནས་རིགས་མཐོ་དམན་གྱི་སྐད་ཆ་བཤད་པ་ཡིན་ན། བཅོམ་ལྡན་འདས་ཀྱི་བཀའ་དང་འགལ་གྱི་ཡོད། ངོས་ཀྱིས་གསར་བརྗེའི་བསམ་བློ་གཏང་ནས་བརྗོད་པ་དེ་འདྲ་མ་རེད། གང་ལྟར་བཅོམ་ལྡན་འདས་རང་ཉིད་ཀྱིས་ཐག་བཅད་ནས་གསུངས་ཟིན་པ་རེད། ང་ཚོས་སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར་མཁན་ཞིག་ཡིན་ན། རིགས་རུས་ཀྱི་དབྱེ་བ་ཁྱོན་ནས་ཕྱེ་ཆོག་གི་མ་རེད། རིགས་དམན་པར་མཐོང་ཆུང་བྱེད་རྒྱུ་དེ་འདྲ་རྩ་བ་ཉིད་ནས་བྱེད་ཆོག་གི་མ་རེད། ངོས་རང་ལོ་ ༢༦༠༠ རྗེས་བྱུང་བའི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་གང་ཙམ་བལྟས་ཡོད། ངོས་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ཁག་དཀྲི་ནས་ད་དུང་རིགས་དམན་ལ་མཐོང་ཆུང་རིགས་བྱེད་པ་ཡིན་ན། སངས་རྒྱས་ཀྱི་བཀའ་དང་འགལ་གྱི་ཡོད་པ་མ་ཟད། སྐབས་བབ་༸རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བ་རེད། ཤེས་སོང་ངམ།”ཞེས་བཀའ་སློབ་གནང་།

མུ་མཐུད་བཀའ་སློབ་གནང་དོན། “སྔ་མོ་སྔ་མོ་ངོས་རང་ལ་དྭགས་ལ་ཡོང་བའི་སྐབས་སུ་རྔ་རྡུང་མཁན་ཚོ་རིགས་དམན་པར་བརྩིས་ནས་ཁ་ཤས་ཀྱིས་གསེར་ལམ་བཅད། ཟེར་བའི་ཐ་སྙད་འོག་རིགས་དམན་པའི་ཁང་པའི་ནང་ཞབས་བརྟན་སྒྲུབ་པར་འགྲོ་མཁན་དེ་འདྲ་བཀག་འགོག་བྱས་པའི་སྐད་ཆ་འདུག དེ་དུས་ངོས་རང་ཆེད་མངགས་རྔ་རྡུང་མཁན་གྱི་སར་ཕྱིན་ཏེ་ཁོ་ཚོ་དང་མཉམ་དུ་པར་བརྒྱབ། ལྷག་པར་འདྲ་མཉམ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་པ་ཡིན། སྐབས་དེར་སླེ་རུ་བླ་མ་གཙོ་ཆེ་བ་ཞིག་གིས་གསེར་ལམ་གཅད་རྒྱུ་མེད་ཅེས་གསུང་བྱུང་། སྤྱི་ཚོགས་ནང་དེ་འདྲ་འདུག རིགས་རུས་ཀྱི་དབྱེ་བ་འབྱེད་རྒྱུ་དེ་རིམ་པས་བསྒྱུར་དགོས་པ་དང་བརྗེ་དགོས་པ་ཞིག་རེད་”ཅེས་དང་། རྩ་བའི་ཆོས་ལ་དད་པ་བྱེད་མིན་དང་། ཆོས་ལ་དད་པ་བྱས་ན་ཆོས་གང་ལ་དད་པ་བྱེད་མིན་སོ་སོའི་རང་དབང་རེད་མ་གཏོགས་ཕ་མེས་ནང་པ་རེད་ཅེས་ངེས་པར་དུ་ནང་པ་བྱེད་དགོས་ཟེར་རྒྱུ་མེད་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ་རྗེས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འགྲེལ་བཤད་དང་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཅས་བསྩལ་་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།