རུང་གྷེ་ཡ་མི་རིགས་ཐོག་གི་དྲག་སྤྱོད་དེ་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ལ་ངོས་འཛིན་བྱས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་། འབར་མའི་གཞུང་གི་དམག་མིས་ཁ་ཆེ་རུང་གྷེ་ཡ་མི་རིགས་སྡེབ་གསོད་དང་བཙན་གཡེམ་སོགས་ཀྱི་དྲག་སྤྱོད་སྤེལ་བ་དེ་ནི། མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཡིན་པར་ངོས་འཛིན་གྱིས་རྒྱབ་སྐྱོར་ཆེན་པོའི་ཐོག་ནས་གྲོས་ཆོད་གཏན་འབེབས་བྱས་འདུག
ཟླ་༡༢ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་བར་ཨ་རིའི་དབུས་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱིས། འབར་མའི་དམག་མིས་ཁ་ཆེ་རུང་གྷ་ེཡ་མི་རིགས་ཐོག་སྤེལ་བའི་དྲག་སྤྱོད་དེ་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཡིན་པ་ངོས་འཛིན་བྱས་མེད་ཀྱང་། ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་༣༩༤ ཡིས་རྒྱབ་སྐྱོར་བྱས་ཏེ། དྲག་སྤྱོད་དེ་ནི་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱེད་པའི་གྲོས་ཆོད་གཏན་འབེབས་བྱས་འདུག ངོས་འཛིན་དེ་ནི་ཤུགས་རྐྱེན་ཡོད་པ་དང་དོ་སྣང་བྱེད་འོས་པའི་ཐག་གཅོད་གཅིག་ཡིན་འདུག་པ་དང་། དེས་ཨ་རིའི་གཞུང་དང་འབར་མའི་གཞུང་ལ་གནོན་ཤུགས་ཆེན་པོ་སླེབས་ངེས་པ་རེད་འདུག

གྲོས་ཚོགས་འོག་མའི་ཕྱི་སྲིད་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིས་གྲོས་ཆོད་དེར་རྒྱབ་སྐྱོར་གྱིས། ཨ་རི་ལ་འབར་མའི་ནང་བྱུང་བའི་ཁྲིམས་འགལ་གྱི་དྲག་སྤྱོད་དེ་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཡིན་པ་ངོས་འཛིན་བྱེད་པའི་བཟང་སྤྱོད་ཀྱི་འགན་ཡོད་པ་དང་། དེ་ལྟར་བྱེད་མ་ཐུབ་ཚེ་དྲག་སྤྱོད་ལག་བསྟར་བྱེད་མཁན་རྣམས་ལ་སྲུང་སྐྱོབ་སྤྲད་ཀྱི་ཡོད་པ་དང་། དེ་དག་ལ་ཉེས་ཆད་གཏོང་བར་འགོག་རྐྱེན་འབྱུང་རྒྱུ་ཡིན་ཡང་། གྲོས་ཆོད་དེ་གཏན་འབེབས་བྱེད་ཐུབ་པ་དེ་གྲོས་ཚོགས་འོག་མའི་ལས་འགན་འགྲུབ་པ་ཡིན་སྐོར་བརྗོད་འདུག
ཟླ་༩ པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་སྙན་ཐོའི་ནང་། འབར་མའི་དམག་མིས་རུང་གྷེ་ཡི་མི་རིགས་ཐོག་སྤེལ་བའི་དྲག་སྤྱོད་དེ་ཁྱབ་ཆེན་དང་ཚབས་ཆེན། དེ་བཞིན་མི་རིགས་དེར་འཇིགས་སྐུལ་གྱིས་འབར་མ་ནས་ཕྱིར་འབུད་གཏོང་ཐབས་ལ་དམིགས་པ་འདྲ་བོ་ཡོད་སྐོར་བརྗོད་པ་ལས། དྲག་སྤྱོད་དེ་ནི་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱས་མེད་པ་རེད་འདུག ལས་ཁུངས་དེའི་མགྲིན་ཚབ་པ་གཞོན་པས། ཨ་རིའི་གཞུང་གིས་རུང་གྷེ་ཡའི་སྐྱབས་བཅོལ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་། འབར་མའི་ནང་གི་མི་མང་ཚང་མའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། དེ་བཞིན་དྲག་སྤྱོད་དེའི་འགན་ཁུར་མཁན་རྣམས་ལ་ཉེས་ཆད་གཏོང་རྒྱུར་དམིགས་ནས་ལས་དོན་སྤེལ་བཞིན་ཡོད་པ་དང་། དྲག་སྤྱོད་དེའི་ཐོག་གི་གནས་ཚུལ་གསར་པ་མཁོ་སྤྲོད་བྱུང་ཚེ་རྟོག་ཞིབ་བྱེད་རྒྱུའི་འདོད་པ་ཡོད་སྐོར་བརྗོད་འདུག
འབར་མའི་གཞུང་གིས་རུང་གྷེ་ཡ་མི་རིགས་ཐོག་གི་དྲག་སྤྱོད་དེ་ནི་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་གཅིག་ལ་ངོས་འཛིན་བྱས་མེད་པ་མ་ཟད། དམག་མིས་དྲག་སྤྱོད་བྱེད་ཡུལ་དེ་ནི་རུང་གྷེ་ཡའི་དྲག་སྤྱོད་ཚོགས་པ་ལ་ཡིན་སྐོར་བསྒྲགས་ཡོད་པ་རེད་དེ། མཉམ་སྦྲེལ་རྒྱལ་ཁབ་ཀྱིས་དྲག་སྤྱོད་དེ་ནི་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་གཅིག་ཡིན་པ་ངོས་འཛིན་གྱིས། འབར་མའི་དམག་དཔོན་རྣམས་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་ལ་བསྐྱལ་ནས། མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ཉན་ཞིབ་བྱེད་དགོས་སྐོར་བརྗོད་འདུག
རུང་གྷེ་ཡ་ཁ་ཆེ་མི་མང་འབུམ་བདུན་ལས་མང་བ་ཞིག ལོ་སྔོན་མར་འབར་མའི་དམག་མིའི་དྲག་སྤྱོད་དང་བཙན་གཡེམ། དམར་གསོད་སོགས་ལས་ཐར་ཆེད་དུ་བྷང་ལ་ཌེ་ཤིར་བྲོས་བྱོལ་སོང་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་གནད་དོན་དེའི་ཐད་སྐྱོན་བརྗོད་དྲག་པོ་བྱས་ཀྱང་། འབར་མའི་གཞུང་གིས་དམག་མིས་རུང་གྷེ་ཡ་དྲག་སྤྱོད་རུ་ཁག་ལ་དྲག་རྒོལ་བྱས་པ་ཡིན་ཚུལ་བརྗོད་པ་ལས། སྐྱོན་བརྗོད་ཁག་ལ་ཁས་ལེན་གཙང་མ་བྱས་མེད་པ་རེད། ད་ལྟའི་ཆར་སྐྱབས་བཅོལ་བ་རྣམས་ཀྱི་ཁྲོད་དུ་འབར་མར་ཕྱིར་ལོག་བྱེད་པ་ལས། རང་སྲོག་བཅད་ན་དགའ་བ་ཡོད་སྐོར་བརྗོད་མཁན་མང་པོ་ཡོད་འདུག་པ་དང་། ཟླ་བ་༡༠ པའི་ནང་སྐྱབས་བཅོལ་བ་ཁག་ཅིག་གིས། འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་ལ། ཡོངས་གྲགས་ཀྱི་འཕྲིན་ཡིག་གཅིག་བཏང་ནས། དགོས་འདུན་དོན་ཚན་༡༠ བཏོན་འདུག་པ་དང་། དོན་ཚན་དེ་དག་ནང་གི་ཆ་རྐྱེན་ཚང་མ་བསྒྲུབས་ཚེ་ཕྱིར་ལོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
དེ་བཞིན་ཟླ་༡༠ པའི་ནང་འབར་མ་དང་བྷང་ལ་ཌེ་ཤིའི་སྲིད་གཞུང་གཉིས་བར་གྲོས་མཐུན་བྱུང་བ་ལྟར། ཟླ་༡༡ པའི་ཚེས་༡༥ ཉིན་ནས་བྷང་ལ་ཌེ་ཤེར་བྲོས་བྱོལ་དུ་ཡོང་བའི་རུང་གྷེ་ཡ་སྐྱབས་བཅོལ་བ་རྣམས་འབར་མར་ཕྱིར་སློག་གི་ལས་དོན་འགོ་འཛུགས་རྒྱུ་བྱས་ཏེ། ཐོག་མར་ཁྱིམ་ཚང་༤༨༥ ཡི་མི་གྲངས་༢༢༦༠ ཞིག་ཕྱིར་སློག་གཏོང་རྒྱུ་འགོ་འཛུགས་བྱས་ནས། ཉིན་རེར་མི་གྲངས་༡༥༠ རེ་ཕྱིར་སློག་གཏོང་འཆར་བྱས་འདུག་ཀྱང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ཀྱིས་ལས་དོན་དེར་དགག་བྱ་ཆེན་པོ་བྱས་པའི་ཐོག ཕྱིར་སློག་བྱེད་རྒྱུ་གཏན་འཁེལ་བའི་ཐོ་གྲངས་ནང་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཞིག་ཤིང་ནགས་དང་སྐྱབས་བཅོལ་བའི་གཞིས་སྒར་གཞན་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། ཁག་ཅིག་ཕྱིར་སློག་གི་ལས་དོན་དེར་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། དང་བླངས་ཐོག་ནས་ཕྱིར་ལོག་འགྲོ་མཁན་གཅིག་ཀྱང་མ་བྱུང་བས། གནས་སྐབས་རིང་ལས་དོན་དེ་མཚམས་འཇོག་བྱེད་དགོས་ཁེལ་འདུག
རུང་གྷེ་ཡར་དྲག་གནོན་གྱི་གནད་དོན་ལ། ལྕམ་ཨང་སང་སུ་ཅི་ཡིས་འགན་ཁུར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་འོག རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་ཅིག་གིས། དེ་སྔོན་ཁོང་ལ་སྤྲད་པའི་གཟེངས་རྟགས་ཁག་ཅིག་ཕྱིར་བསྡུ་བྱས་ཡོད་པ་རེད།
རུང་གྷེ་ཡ་མི་རིགས་དེ་འབར་མའི་གཞུང་གི་ངོས་འཛིན་ཡོད་པའི་རྒྱལ་ཁབ་དེའི་མི་རིགས་༡༣༥ ཡི་ནང་དུ་ཚུད་ཀྱི་མེད་ཁར། ཕྱི་ལོ་༡༩༨༢ ལོ་ནས་ཁོ་ཚོར་མི་སེར་ལག་ཁྱེར་སྤྲོད་རྒྱུ་བཀག་འགོག་བྱས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
