རོགས་དངུལ་མ་རག་པས་སློབ་ཡོན་མ་དངུལ་ནས་གཏོང་གཏན་འཁེལ་འདུག

ཕྱི་ཟླ་༡༢ ཚེས་༡ ཉིན། ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཏུ་འགྲོ་བཞིན་པའི་སློབ་མ་ཁག་ཅིག་ལ། སློབ་ཡོན་དེ་ཨ་རིའི་རོགས་དངུལ་འོག་ཡོད་པས་སློབ་ཕྲུག་ཚོས་སློབ་ཡོན་ཕར་ཙམ་སྒུག་རོགས་ཞེས་གློག་འཕྲིན་བཏང་ཡོད་འདུག

པར། བོད་ཀྱི་བང་ཆེན།

མཐོ་སློབ་འགྲོ་བཞིན་པའི་སློབ་མ་མང་པོ་ལ་སློབ་ཡོན་བློ་བུར་དུ་ཆད་ན། སློབ་མ་ཙམ་མ་ཡིན་པ། ཕ་མ་དང་སྤྱི་ཚོགས་ཁྱོན་ལ་དཀའ་ངལ་དང་གྱོང་གུད་ཅིག་ཆགས་ཀྱི་ཡོད་པར་བརྟེན། སློབ་མ་ག་ཚོད་ལ་སློབ་ཡོན་ཆད་ཉེན་གྱི་དཀའ་ངལ་འཕྲད་བཞིན་ཡོད་མེད་དང་། ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོའི་སློབ་ཡོན་མ་དངུལ་ནས་གཏོང་འཆར་ཡོད་མེད་སོགས་ཀྱི་སྐོར། ཤེས་རིག་དྲུང་འཕར་བསོད་ནམས་བཟང་མོ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཨ་རིའི་གཞུང་སྒོ་བརྒྱབ་ནས་རོགས་དངུལ་རག་མེད་པར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་བདུན་ཕྲག་རྗེས་མ་ནས་སློབ་ཕྲུག་ཚོའི་སློབ་ཡོན་མ་དངུལ་ནས་གཏོང་རྒྱུ་ཡིན་ཞེས་དང་།
ཨ་རིའི་རོགས་དངུལ་འོག་སློབ་ཕྲུག་༤༠༠ ལ་སློབ་ཡོན་ཧིན་སྒོར་བྱེ་བ་༣ ༼3 Crore༽ ལེན་གྱི་ཡོད་པ་དང་། རོགས་དངུལ་རག་གི་རེད་ཅེས་ཡི་གེ་འབྱོར་ཟིན་ནའང་། ཨ་རིའི་གཞུང་སྒོ་བརྒྱབ་པར་བརྟེན། ང་ཚོ་ལ་དཀའ་ངལ་འཕྲད་ཡོད་པ་དང་། ཁོང་གིས་རོགས་དངུལ་རག་གི་རེད་བསམ་གྱི་འདུག་ཅེས་བརྗོད་སོང་། ན་ནིང་ཡང་རོགས་དངུལ་འགག་ནས། ལས་གཞི་མང་པོ་བཀག་ན་ཡང་། བཀའ་ཤག་གིས་སློབ་ཕྲུག་གི་སློབ་སྦྱོང་ལ་གྱོང་གཏོང་གི་མིན་ཞེས། སློབ་ཡོན་བྱེ་བ་གཅིག་ལྷག་མ་དངུལ་ནས་བཏང་ཡོད་ཅེས་བརྗོད་སོང་།
ཁོང་གིས་ཕྱི་ལོ་༢༠༢༥ ལོར་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གསལ་བསྒྲགས་གནང་བའི་སྐབས། སློབ་ཡོན་ཞུ་མཁན་སློབ་ཕྲུག་༤༩༩ བྱུང་བའི་ཁྲོད་ནས་སློབ་མ་གསུམ་མ་གཏོགས་ཚང་མ་འདེམས་སྒྲུག་བྱས་ཡོད་ཅེས་བརྗོད་སོང་།
རྩ་བས་ཕྱི་ལོ་༢༠༢༥ ཟླ་༥ པའི་ནང་། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༢༥ ལོར་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་ཁོངས་ཉེ་བའི་གཙུག་ལག་རབ་འབྱམས་དང་། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ། གཙུག་ལག་རབ་འབྱམས། རིགས་གཅིག་རྐང་འཛིན། དམིགས་བསལ་སློབ་ཡོན་བཅས་སློབ་ཡོན་གྲངས་༦༠༥ ཡོད་པའི་གསལ་བསྒྲགས་གནང་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།