རྐང་སྤོལ་རྩེད་འགྲན་གོ་སྒྲིག་པ་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་རྒྱབ་ཏུ་ལངས་པ།
ཨ་རི་བ་ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་རུ་ཁག ཁེ་ན་ཌའི་གྲོང་ཁྱེར་ཝེན་ཁུ་ཝེར་དུ་འཚོག་རྒྱུ་ཡིན་པའི་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གྱི་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། ཁེ་ན་ཌའི་རྐང་སྤོལ་ལྷན་ཚོགས་དང་མངའ་སྡེའི་རྐང་སྤོལ་ལྷན་ཚོགས་ཀྱིས། དེ་སྔོན་བྱེད་མྱོང་མེད་པའི་གནད་དོན་ཞིག་ལ། ཁོང་རྣམས་པའི་ཡིག་ཆ་ཁག་ཅིག་མཁོ་སྤྲོད་དགོས་སྐོར་བརྗོད་རྐྱེན། རྐང་སྤོལ་རྩེད་འགྲན་གོ་སྒྲིག་པས་ལྷན་ཚོགས་དེ་གཉིས་དང་འབྲེལ་བ་བཅད་ཡོད་འདུག
ཟླ་འདིའི་ཚེས་༢༨ ཉིན་སི་བྷེ་སི་གསར་འགྱུར་ཁང་གི་དྲ་ཐོག་ཏུ་གནས་ཚུལ་བཀོད་གསལ། ཁེ་ན་ཌའི་གྲོང་ཁྱེར་ཝེན་ཁུ་ཝེར་རྐང་སྤོལ་རྩེད་འགྲན་གོ་སྒྲིག་པ་དང་ཐོག་མར་འགོ་འཛུགས་བྱེད་མཁན་ཨ་ཌ་རི་ཧེ་མིལ་སྡོད་སའི་མངའ་སྡེའི་རྐང་སྤོལ་ལྷན་ཚོགས་ཀྱིས་ཁེ་ན་ཌའི་རྐང་སྤོལ་ལྷན་ཚོགས་ཀྱི་ངོ་ཚབ་བྱས་ཏེ། ཝན་ཁུ་ཝེར་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་མཁན་ཁོང་ལ་རྩེད་འགྲན་དེའི་ནང་མཉམ་ཞུགས་བྱེད་མཁན་ཁྲོད། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་ཚོའི་མིང་དང་འགྲོ་སྐྱོད་ཆོག་མཆན་གྱི་ཡིག་ཆ་སོགས་མཁོ་སྤྲོད་དགོས་སྐོར་བརྗོད་ཡོད་འདུག དེ་ཡང་རྩེད་འགྲན་དེ་འགོ་འཛུགས་བྱས་ནས་ལོ་༡༣ གྱི་རིང་ལ་དེ་ལྟར་བྱུང་མྱོང་མེད་པས། བྱེད་སྟངས་དེ་ནི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དེ་རྩེད་འགྲན་ནང་མཉམ་ཞུགས་མི་ཐུབ་ཆེད་ཀྱི་གནད་དོན་ཞིག་བཙལ་ཐབས་ཡིན་པར་ངོས་འཛིན་བྱེད་ཆོག་སྐོར་གོ་སྒྲིག་པས་བརྗོད་འདུག་ལ། དེ་བཞིན་ཁོང་གིས། རྩེད་འགྲན་དེའི་རིན་ཐང་གི་ལྟ་བ་ནི་མི་ཚང་མར་གུས་བརྩི་དང་འདྲ་མཉམ་སོགས་ཡིན་པས། རུ་ཁག་གཞན་གྱི་རྩེད་འགྲན་པའི་མིང་ཐོ་དང་ཡིག་ཆ་མཁོ་སྤྲོད་མི་དགོས་པར། བོད་ཀྱི་རུ་ཁག་དེར་ལོགས་སུ་འདོན་གྱི་ཡོད་པས། མངའ་སྡེའི་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་པའི་དགོས་པ་མ་མཐོང་བས། ཚོགས་མི་ནས་ཕྱིར་འཐེན་བྱེད་དགོས་པའི་བརྡ་ལན་སྤྲད་སྐོར་བརྗོད་ཡོད་འདུག
ཁོང་གིས་རྒྱལ་ཁབ་སྟོབས་ཆེན་ཞིག་གིས་ཁེ་ན་ཌའི་རྐང་སྤོལ་ལྷན་ཚོགས་ལ། བོད་ཀྱི་མིང་འཁྱེར་ནས་རྩེད་འགྲན་བྱེད་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དོགས་པ་ཡོད་སྐོར་བརྗོད་ཡོད་པ་དང་། ཁེ་ན་ཌའི་རྐང་སྤོལ་ལྷན་ཚོགས་ཀྱིས་གནད་དོན་དེའི་སྐོར་ལ་བསམ་ཚུལ་གང་ཡང་བརྗོད་མེད་འདུག
གོ་སྒྲིག་པས་མངའ་སྡེའི་རྐང་སྤོལ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། རྩེད་འགྲན་དེ་མུ་མཐུད་འགྲོ་རྒྱུ་ཡིན་ཁར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཀྱང་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་༢ པའི་ཚེས་༢༤ ཉིན་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དེར་ཨ་རིར་རྐང་སྤོལ་རྩེད་འགྲན་ཞིག་ཏུ་འགྲོ་རྒྱུའི་ཆེད། ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་མ་སྤྲད་པས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པས། ཁེ་ན་ཌ་ཝེན་ཁུ་ཝེར་རྐང་སྤོལ་དུས་སྟོན་གྱི་གོ་སྒྲིག་པས་མགྲོན་བརྡ་བཏང་ཡོད་པ་དང་། རྩེད་འགྲན་དེ་ཟླ་༧ པའི་ཚེས་༧ ནས་༩ བར་འཚོག་རྒྱུ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
