རྒན་ངག་དབང་གི་ཡིག་ཆུང་ལས་འཕྲོས་པ། (གལ་གནད་རྩོམ་ཡིག)
རྫ་ཚེ་རིང་བཀྲ་ཤིས།
(་་་་སྤྱིར་བཏང་ང་ལ་ལོ་རེ་བཞིན་ཆམ་ནད་རིགས་ཡོང་གི་ཡོད། དེ་དག་ལ་དཔྱད་ནས་ནད་ཡམས་ཐོན་སྲིད་པ་རེད། ཐུགས་ཁྲལ་རྩ་བ་ཉིད་ནས་གནང་དགོས་མ་རེད། ན་གོ་དང་ཤི་གོ་ཆོད་པར་ཤོག །སེམས་ཅན་ཐམས་ཅད་ལ་ནད་འདི་མ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད།་་་་)
བླ་མ་ལ་ཕྱག་འཚལ་ལོ། །
༡༽ ཚོར་བའི་རྟ་ཁ་འདི་འཐེན་ཙམ་གནང་།
དེ་རིང་ངས་རང་ཉིད་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་ནང་བསམ་བློའི་འཁྱེར་སོ་གལ་ཆེན་ཞིག་དང་འབྲེལ་བའི་སྐད་ཆ་ཕྲན་བུ་ཞིག་བཤད་འདོད་བྱུང་། ལར་ནས་དེང་གི་དུས་འདིར་ང་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་གནས་ཚུལ་འདྲ་མིན་མང་པོ་མཐོང་གིན་ཡོད། ཆབ་སྲིད་ཀྱི་རོལ་རྩེད་སྣ་ཚོགས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཚོར་བ་སྐྱེན་པོའི་གནས་ཚུལ་དག་ལ་བདེན་འཛིན་གྱི་ཚོར་བ་འཁྲུགས་ཆ་དོད་པོ་ཞིག་ཀྱང་གང་སར་མཐོང་དུ་ཡོད།
དོན་དངོས་ཤིག་ཡིན་ན་ཨ་ཅང་ཅང་། གཞི་རྩ་མེད་པའི་རྟོག་སྒྲུང་གི་གློག་བརྙན་ཞིག་ལ་བལྟས་ན་ཡང་། མཚམས་ཤིག་ནས་མི་སྣ་དེ་དང་དེ་དག་གི་དྲང་ལྡོག་གི་རྣམ་འགྱུར་དང་སྤྱོད་པའི་འཁྱེར་སོ་ལ་འཛིན་པ་ཞུགས་ནས་འདི་ཕྱོགས་ལ་རྒྱབ་སྐྱོར་དང་། དེ་ཕྱོགས་ལ་སྡང་འཛིན་ཟེར་བ་ཞིག་ཞུགས་ནས་དགའ་སྡང་གི་ཚོར་བ་རྣོན་པོ་སྐྱེ་བཞིན་ཡོད། ང་ཚོའི་རྟོག་པ་ནི་ཁྱིའི་སྐར་མར་བལྟས་ནས་ཟུག་པ་བཞིན། གཞི་རྩ་ཡོད་མེད་ཐམས་ཅད་ལ་དགག་སྒྲུབ་དང་དགའ་སྡང་བྱ་མཁན་ཞིག་ཡིན། ལར་འདི་ཡོད་ཚད་འཇིག་རྟེན་གྱི་ཆོས་ཉིད་དང་འཚོ་བའི་ཆ་ཤས་རང་ལས་གཞན་ཞིག་མིན་མོད། ཆོས་ཀྱི་གོ་རྟོགས་ཕྲན་བུ་ཡོད་མཁན་ཞིག་ཡིན་ན། རོལ་རྩད་འདི་དག་ལག་ཏུ་ལེན་ཤེས་པ་བཞིན་ས་ལ་ཡང་འཇོག་ཤེས་པའི་བློ་རྒྱ་ཞིག་ཀྱང་ཡོད་དགོས། འདིའི་ཐད་བླ་མ་གྲྭ་པ་དང་། མི་རྒན་པ་དག་གིས་དེ་བས་ཀྱང་མཚམས་མཚམས་ཚོར་བའི་རྟ་ཁ་དེ་འཐེན་ཙམ་བྱས་ནས་བླ་མ་རྣམ་པའི་གསུང་ལ་ཉམས་འཇོག་ཅུང་ཟད་རེ་དགོས། འདི་ཧ་ཅང་གལ་ཆེན་པོ་རེད།
༢༽ ཕུགས་རྒྱང་རིང་ལ་དགོངས་པ་བཞེས།
བདེན་འཛིན་ཧ་ཅང་ཆེ་དྲགས་པས་རང་གཞན་སུ་ལའང་ཕན་པ་ཆེན་པོ་རང་ཞིག་མེད། མ་གཞི་ནས་དོན་དག་མང་པོ་ཞིག་ནི་རང་བྱུང་རང་ཐིམ་གྱི་ཚུལ་དུ་དུས་ཀྱི་ཆོས་ཉིད་ཀྱི་ཀློང་དུ་བྱུང་ཡལ་བར་འགྱུར་བ་ཙམ་ཞིག་རེད། འདི་ལ་དགོངས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་དག །སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི། །ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། ཅེས་གསུངས་པ་ཡིན། ང་ཚོས་མཚམས་མཚམས་སུ་ཚོར་བའི་དབལ་ཁ་ཅུང་ཟད་མར་བཅག་ནས་སེམས་པ་ལྷོད་ལྷོད་དགོས་པ་འདི་ཆོས་འཇིག་རྟེན་གཉིས་ཆར་ནས་གལ་ཆེན་པོ་ཡིན།
འདི་ནི་མི་རིགས་གཅིག་པ། རྩ་བའི་བླ་མ་གཅིག་པ། ལས་དབང་གཅིག་པ་ཞིག་གི་ངོས་ནས། ཕུགས་རྒྱང་རིང་པོའི་ངོས་ནས་ཕན་ཚུན་ངོ་གནོང་མི་དགོས་དང་། བློ་འགྱོད་མེད་པའི་ཕུགས་ཀྱི་ཐབས་ལམ་ཡང་ཡིན་ངེས་པ་འདི་ལ་དྲ་གྲོགས་རྣམ་པས་ཀྱང་དགོངས་པ་མང་ཙམ་བཞེས་དགོས།
༣༽ མི་རྟག་འཆི་བ་འདི་མྱུར་དུ་འོང་།
ད་དུང་དོན་དག་གཞན་ཞིག་ནི། ཕྲན་གྱིས་བསྒྱུར་པའི་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་རུ། སྐྱེ་དང་འཆི་བ་དོན་ཆེན་སྟེ། །མི་རྟག་པ་ནི་མྱུར་དུ་འོང་། །ཞེས་པ་ཞིག་ཡོད། འདི་ནི་གནའ་ནས་ད་བར་གྱི་ཆོས་པ་རྣམས་ཀྱིས་ཉམས་ལེན་ལ་སྐུལ་མ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ནད་ཡམས་ལ་སོགས་པའི་རྐྱེན་སྣང་སྣ་ཚོགས་རུ་འཛིངས་པ་འདིའི་ཁྲོད་ནས་ཀྱང་། འདུས་བྱས་ཀྱི་སྣང་ཚུལ་རྣམ་པ་སྣ་ཚོགས་པ་ཞིག་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་བསམ་བློ་གཏོང་དགོས་པ་འདིའང་ང་ཚོའི་རང་སྦྱོང་གལ་ཆེན་ཞིག་ཡིན།
འདས་པའི་ལོ་གཅིག་ལྷག་གི་རིང་། འགྲོ་བ་མིའི་ལོ་རྒྱུས་ཀྱི་ཐོག་ཏུ་ཆེས་འཇིགས་སུ་རུང་བའི་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་ཞིག་ལ་མིའི་རིགས་ཀྱིས་གདོང་གཏོད་དགོས་པ་བྱུང་ཡོད། སྤྱི་དང་སྒེར་ཚང་མ་ལ་གྱོང་གུད་དང་དཀའ་སྡུག་ནི་བསམ་ཡུལ་ལས་འདས་པ་བྱུང་ཞིང་། ད་ཆའང་ཉེན་ཁའི་གནས་ལས་མ་ཐར་བར་ཡོད། ན་བ་དང་ཤི་བ། ལས་ཀ་ཤོར་བ། ནང་མི་དང་ཤི་བྲལ། ཟས་གོས་གནས་མལ་ལ་དཀའ་ངལ། དེའི་ཐོག་ཏུ་རང་བྱུང་དང་མིས་བཟོས་ཀྱི་དཀའ་ངལ་གཞན། དཔེར་ན། ཆུ་ལོག་ས་ཡོམ། དམག་འཁྲུག་མུ་གེ་སོགས་གནོད་འཚེ་སྣ་ཚོགས་པས་སྡུག་བསྔལ་གྱི་ཐོག་ཏུ་སྡུག་བསྔལ་བར་བྱས་ཡོད་ལ། འདི་ཚང་མ་ང་ཚོས་ཉིན་རེ་བཞིན་མཐོང་ཐུབ་པའི་དོན་དག་རྐྱང་རྐྱང་རེད། འདི་དག་གི་སྔུན་ན་ང་ཚོ་འཕྲལ་གྱི་ཚོར་བ་ཉི་ཚེ་བ་ལ་མགོ་འཁོར་ཐག་ཆོད་པ་ནི་ཅི་འདྲའི་བཅོལ་ཆུང་དང་ནར་མ་སོན་པའི་བསམ་བློ་ཞིག་རེད་ཨང་།
སྟོན་པ་ཐུགས་རྗེ་ཅན་གྱི་གསུང་གི་རྗེས་སུ་འཇུག་མཁན། ལས་འབྲས་ལ་ཡིད་ཆེས་བྱེད་མཁན་ཞིག་གི་ངོས་ནས་ལྡོག་ཏུ་མེད་པའི་འདུས་བྱས་མི་རྟག་པའི་སྣང་ཚུལ་འདི་ལ་དཔེར་བླངས་ནས། འདི་སྣང་གི་རྩེད་མོ་འདི་དག་ལ་ཨ་འཐས་ཀྱི་ཞེན་འཛིན་ཧ་ཅང་མི་ཆེ་བར། ལག་པས་ཡར་བཀྱགས་པ་བཞིན། མར་ས་ལ་ཡང་འཇོག་ཐུབ་མཁན་ཞིག་ཨེ་ཡོང་ལྟ་དགོས།
༤༽ ཡུད་ཙམ་མཉམ་འཛོམས་འདི་གྱེས་ཏེ་འགྲོ།བླ་མ་ཨོ་རྒྱན་ཆེན་པོས། འབྲེལ་བའི་གཉེན་གྱིས་འཆི་བ་ལ་མི་སྟོངས། །བསགས་པའི་ནོར་གྱིས་འཆི་བ་ལ་མི་སྟོངས། །ཞེས་དང་། རྗེ་བཙུན་མི་ལས། ཕུ་ཤི་མདའ་ཤི་ཟེར་བ་དེ། །རང་རང་འཆི་བའི་བརྡ་རྟགས་རེད། །ཅེས་གསུངས་པ་རེད། སྐབས་འདིར་མི་སྟོངས་ཞེས་པ་ནི་མི་ཕན་པའི་དོན་རེད། གསུང་འདི་ངག་ནས་སྐྱོར་ཞིང་ཡིད་ལ་བཟུང་ནས་ཀྱང་། མ་མཐའ་ཡང་ནམ་ཕན་ཚུན་གཅིག་གི་གཅིག་ལ་ཞེ་འདྲས་དང་ཚིག་མཚོན། ངན་སྨྲས་དང་སྡང་ཟུག་སོགས་ཉུང་དུ་གཏོང་དགོས། འདི་ལ་དགོངས་ནས། ཕ་དམ་པ་རིན་པོ་ཆེས་ཀྱང་། གཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ངན་ཤག་འཐབ་མོ་མ་བྱེད་དིང་རི་བ། །ཞེས་གསུངས་པ་མ་ཡིན་ནམ།
དེ་ཡང་ཡིན་ཏེ། བསམ་བློ་ཞིབ་ཏུ་བཏང་ན། ང་ཚོ་ནི་མགྲོན་ཁང་ཞིག་ཏུ་མཚན་གཅིག་མཉམ་དུ་སྡོད་པའམ། ཟ་ཁང་ཞིག་ཏུ་ཁྱུག་ཙམ་མཉམ་དུ་འཛོམས་པའི་མགྲོན་པོ་བཞིན། སྔ་ཕྱི་བྱས་ནས་ཁོར་ཡུག་འདི་ནས་ཁ་བྲལ་དེ་གྱེས་དགོས་པ་འདི་རེད། འདི་ལ་ལོ་རྒན་གཞོན་དང་ཐོབ་མཐོ་དམན། རྒྱུ་ཆེ་ཆུང་སོགས་ཀྱང་མི་འདུག །དེ་ནི་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱིས། རྒན་རབས་སྔོན་སོང་གཞོན་རབས་རྗེས་ནས་འགྲོ །ཞེས་གསུངས་པ་ལྟར། ར་ལུག་ཟམ་ཐོག་ནས་འགྲོ་བ་བཞིན་འགྲོ་རྒྱུ་རང་རེད།
ང་ཚོས་འཕྲལ་གྱི་ཚོར་བའི་ཆེད་དུ། མི་རིགས་ཀྱི་ལ་རྒྱ་དང་། རྡོ་རྗེའི་མཆེད་གྲོགས་ཀྱི་དམ་ཚིག་སོགས་ཅི་མི་སྙམ་དུ་ཆུ་ལ་མ་གཡུགས་པ་ཞིག་ཧ་ཅང་གལ་ཆེ། འཇིག་རྟེན་གྱི་རྣམ་རྟོག་རེ་སྐྱེས་སྐབས་སུའང་བླ་མ་དང་དགེ་བའི་བཤེས་གཉེན་གྱི་གསུང་གི་ར་མདས་བསླེབས་པ་ཞིག་ཨེ་ཡོང་ལྟ་དགོས།
༥༽ དཔེ་དོན་སྣ་ཚོགས་ལ་དགོངས་པ་བཞེས། དཔེར་ན། ཏོག་དབྱིབས་ནད་ཡམས་འདི་ཁོ་ནས་ཀྱང་། བླ་མ་གྲྭ་པ་ནས་རྒན་དར་གཞོན་གསུམ་མང་པོ་ཞིག་ཕྱིན་ན་འཇུར་མིག་ལྟ་བུའི་འཕྲང་རིང་སྲིད་པ་བར་དོའི་ལམ་བུ་ག་ལ་བ་དེར་འཁྲིད་ཟིན་པ་རེད།
ང་ཚོའི་ཤེས་དང་རིག་ས་ནས། ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། ཉལ་མལ་དུ་གཅེས་པའི་སྒྱུ་ལུས་ཀྱང་རང་དབང་མེད་པར་ཤུལ་དུ་བསྐྱུར་ནས་ཕེབས་དགོས་བྱུང་ཡོད། ངའི་ངོ་ཤེས་དང་འཛིན་གྲྭ་གཅིག་པ། མཁས་པ་དང་རྒན་པ་སོགས་གོ་ཐོས་མྱོང་བ་མང་པོ་ཞིག་ཀྱང་སྐུ་གཤེགས་སོང་། འབྲུག་པ་པདྨ་དཀར་པོས། མི་ཚེ་འདི་གཤས་རའི་དུད་འགྲོའི་འདྲ། །ཡུད་ཙམ་རེ་སོང་ཡང་འཆི་ལ་ཉེ། །ཞེས་པ་འདི་འདི་ལྟར་ང་ཚོའི་ཉེ་སར་གཅར་བཞིན་ཡོད། ང་ཚོ་ཚང་མ་ལམ་བུ་གཅིག་གི་ཐོག་ཏུ་ཡོད།
ཁྱད་པར་དུ་ཉིན་གཉིས་ཀྱི་སྔོན་དུ་བལ་ཡུལ་ནས་དཔལ་ཡུལ་རྣམ་གྲོལ་གླིང་གི་མཁན་པོ་རྒན་པ་བཀྲ་ཤིས་ཚེ་དབང་ཞུ་བ་ཞིག་ཀྱང་ནད་ཡམས་ཀྱི་དབང་གིས་གློ་བུར་དུ་སྐུ་གཤེགས་འདུག ། ཁོང་ནི་ང་སྒེར་ངོས་ནས་ངོ་མི་ཤེས་མོད། བསླབ་གསུམ་གྱི་ཡོན་ཏན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། བལ་ཡུལ་གྱི་ཧི་མ་ལའི་བོད་རིགས་དག་གི་ཆོས་དང་རིག་གཞུང་ལ་བཀའ་དྲིན་ཆེན་པོ་དང་། གྲུབ་དབང་པད་ནོར་རིན་པོ་ཆེའི་ཕྲིན་ལས་ཀྱི་ཁ་ལོ་བ་གལ་ཆེན་ཞིག་ཡིན་པ། གྲྭ་ཚང་དང་སློབ་ཕྲུག་བརྒྱ་སྟོང་མང་པོར་རིག་གནས་དང་འཚོ་བའི་མཐུན་རྐྱེན་ཆ་ཚང་སྦྱར་ནས་ཕ་མས་བུ་ཕྲུག་ལ་བདག་པོ་བརྒྱབ་ནས་གསོ་སྐྱོང་མཛད་མཁན་ཞིག་ཡིན་པའི་འདྲ་པར་དང་བརྙན་མང་པོ་དྲ་ལམ་ནས་མཐོང་བས། དེ་བས་ཀྱང་ལྟོས་བཅས་དེ་འདྲ་མང་པོ་ཞིག་གི་འདུ་ཕྱིའི་ལམ་སྟོན་དང་། མི་ཚེའི་རྟེན་ས་ཞིག་ཧོབ་སྟེ་མེད་པ་རེད་སོང་བ་རེད་ཨང་། ཤ་རེ་ཚ། བློ་རེ་ཕམ། འཆི་བ་ཟེར་བ་འདི་ལ་ཡ་ང་དང་སྙིང་རྗེ་མི་འདུག་ཨང་སྙམ་པའི་ཚོར་བ་ཤུགས་ཆེན་པོ་བྱུང་། སྣང་ཚུལ་འདི་ལ་ཁྲིད་ཡིག་དག་གི་ནང་དུ་མར་གྱི་ནང་ནས་སྤུ་བཏོན་པ་ལྟ་བུ་ཞེས་གསུངས་ཡོད། ཅི་འདྲའི་གནད་ལ་ཁེལ་བའི་དཔེ་ཞིག་རེད། སྤྱིར་གུ་རུ་རིན་པོ་ཆེས། །ཤི་བའི་ཐབས་ཆག་འཁོར་བའི་དཔེ་ལ་མེད། །ཅེས་གསུངས་ཡོད་ན་ཡང་། གནས་སྐབས་ཁོང་ཚོར་དཀའ་ངལ་ཆེན་པོ་ཡོད་ངེས་རེད།
༦༽ འབྱུང་འགྱུར་ངེས་མེད་ལ་བསམ་པ་གཅེས།
གང་ལྟར། འདི་ཚང་མ་ང་ཚོས་སྟངས་འཛིན་གྱི་ཁྱབ་ཁོངས་ལས་བརྒལ་ཟིན་པ་ཤ་སྟག་ཡིན་སྟབས་བྱ་ཐབས་གང་ཡང་མེད་པ་རེད་དེ། ང་ཚོས་ཉམས་མྱོང་འདི་དག་དཔེ་རུ་བཞག་ནས་འཆི་བའི་གནད་དོན་འདི་ཛ་དྲག་གི་གནད་དོན་ཞིག་ཡིན་པའི་ངོས་ལེན་སེམས་གཏིང་ནས་ཞུ་དགོས། འདི་སྣང་གི་བྱ་བ་དག་ལ་སེམས་ཁུར་བྱེད་པ་ནང་བཞིན། སྐྱེ་འཆིའི་དོན་དག་ལ་དོ་སྣང་གྱི་འགོ་འཛུགས་ད་ལྟ་ནས་དགོས་པ་ཞིག་ཆགས་ཡོད། ལྷག་པར་དུ། བོད་གོང་བ་ཅན་དང་ཕྲེང་བ་ཅན་ཞིག་གི་ངོས་ནས་དེ་བས་ཀྱང་འཆི་བའི་གནད་དོན་འདི་ང་ཚོ་ཚང་མའི་མི་ཚེའི་ཁྱབ་ཁོངས་ཀྱི་དོན་དག་ཞིག་ཡིན་པའི་ངོས་འཛིན་གསལ་པོ་དགོས།
༧༽ འཆི་ཁའི་ཉམས་ལེན་གྱི་གྲུབ་འབྲས་གལ།
ང་ཚོས་ཉེ་ཆར་དགེ་འདུན་པ་འགའ་རེ་སྐུ་འདས་རྗེས་ཐུགས་ལམ་ལ་ཡུན་རིང་པོར་བཞུགས་པ་སོགས་ཚན་རིག་ཞིབ་འཇུག་གི་དོ་སྣང་བྱ་ཡུལ་དུ་གྱུར་བའི་འཆི་ཁའི་ཉམས་ལེན་གྱི་གྲུབ་འབྲས་མངོན་གྱུར་བྱུང་བ་དུ་མ་ཞིག་མཐོང་ཡུལ་དུ་ཡོང་གིན་ཡོད། ཐ་ན་ཨོ་རོ་སུའི་ཚན་རིག་པས་བོད་ཀྱི་དགེ་འདུན་པ་ཐུགས་དམ་ལ་ཡུན་རིང་བཞུགས་པའི་སྐབས་ཀྱི་ལུས་སེམས་ཀྱི་འབྲེལ་བའི་གནས་སྟངས་སོགས་ལ་ཞིབ་འཇུག་གིས་དེ་ཉིད་གཟའ་མིག་དམར་སོགས་ཀྱི་ཐོག་ཏུ་མཁའ་དབྱིངས་འགྲུལ་བཞུད་ཀྱི་ལས་གཞི་ཆེན་མོའི་ཁྲོད་དུ་བེད་སྤྱོད་ཐུབ་རྒྱུར་ཚོད་ལྟ་བྱ་བཞིན་ཡོད་པའི་གསར་འགྱུར་ཚུན་ཆད་ཐོན་ཡོད། འདི་ཚང་མ་ནང་ཆོས་ཉམས་ལེན་གྱི་གྲུབ་འབྲས་མངོན་གྱུར་བྱུང་བ་ཞིག་ཏུ་ང་ཚོས་ངོས་འཛིན་ཆོག་པས་བློ་སྟོབས་འཕེལ་བའི་གཞི་རྩ་ཞིག་ཆགས་ཡོད།
ལར་ནས་བར་དོའི་སྐོར་གྱི་རིག་གཞུང་དང་སློབ་གསོའི་ངོས་ནས་བོད་ནི་འཛམ་གླིང་གི་ཕུལ་བྱུང་དང་སྔོན་ཐོན་དུ་ངོས་འཛིན་ཆོག་པ་ཞིག་ཡོད་པ་འདིའང་། གནའ་ནས་ད་བར་བོད་པ་དག་གིས་སྐྱེ་བ་ཕྱི་མའི་དོན་དག་དེ་མི་ཚེའི་དོན་དག་གི་ཁྱབ་ཁོངས་སུ་བཅུག་ནས་ཉམས་ལེན་བྱས་པ་དང་འབྲེལ་བ་ཡོད།
མདོར་ན། ཆོས་པ་ཞིག་གི་ངོས་ནས་གལ་ཆེ་ཤོས་ནི་འཆི་བ་ཐོག་ཏུ་བབས་པའི་དུས་སུ་དགོས་ངེས་ཀྱི་གྲ་སྒྲིག་ད་ལྟ་ནས་གྲབས་སུ་ཚུད་ཡོད་དགོས་པ་དེ་རེད་ལ། འདི་ལྟ་བུའི་བསམ་བློའི་གདེངས་ཚད་ཅིག་དགོས་ན་ཉམས་ལེན་ཡག་པོ་ཞིག་རང་རྒྱུད་དུ་འབྱོངས་ཡོད་དགོས་ཤིང་། འདི་ལ་སྐྱེས་ཕོ་མོ་དང་བན་སྐྱ་སེར། ལོ་རྒན་གཞོན་ཀྱི་ཁྱད་པར་གཏན་ནས་མེད།
༨༽ ཆོས་པ་བཟང་པོ་ལ་མིག་དཔེ་ལྟོས།
བདུན་ཕྲག་སྔ་མར། འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་གནས་བརྟན་འདུལ་བ་འཛིན་པ་རྒན་ངག་དབང་ཞུ་བ་ཞིག་ཏོག་དབྱིབས་ཀྱི་ནད་དུག་གིས་སྐུ་གཤེགས་ཡོད། ཁོང་ནི་ས་བཅད་ཕྱག་ལེན་སོགས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ལ་མཁས་པ་དང་། སྔ་འགྱུར་བའི་དགོན་སྡེ་དུ་མ་ལ་ཕན་ཐོགས་མཛད་མཁན། ལོ་མང་རིང་བྱ་བྲལ་དང་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ་ངག་བཅད་ལ་བཞུགས་མི། འདི་ལོར་ཏོག་ནད་ཀྱིས་མལ་དུ་ལུས་སྐབས་ཀྱང་ངག་བཅད་ལ་ཞུགས་ཏེ་གཞན་དང་བཀའ་མོལ་གནང་ཚེ་ཡིག་ལམ་ཁོ་ན་ལ་བརྟེན་གྱིན་ཡོད་པ་ཞིག་ཡིན་ཚུལ་ཁོང་གི་ཆོས་གྲོགས་ཉག་རོང་མཁན་པོ་འགྱུར་མེད་རྡོ་རྗེའི་ངོ་དེབ་ཏུ་བྲིས་འདུག །
འདིའི་སྐོར་ང་ལ་ལྷག་ཏུ་དོ་སྣང་བྱུང་བ་ཞིག་ནི། ཁོང་ཉིད་སྐུ་གཤེགས་ཁར་དངོས་སུ་འཁྱུག་ཡིག་གིས་ལག་བྲིས་བྱས་པའི་ཡིག་ཆུང་དེ་ཡིན། ཡིག་ཆུང་དེ་ནི་ཁོང་ཉིད་ངག་བཅད་ཀྱི་ཉམས་ལེན་ལ་བཞུགས་བཞིན་པའི་ངོས་ནས་ཡིག་ཐོག་ནས་ལན་གནང་བ་ཞིག་ལས། དེང་སང་གི་ང་ཚོ་ལྟར་སྐད་འཕྲིན་དག་གི་ནང་དུ་ཐད་ཀར་བཤད་པ་ཞིག་མིན། ངོ་མ་བཤད་ན། འདི་ཙམ་ཡང་སྤྱིར་བཏང་ཞིག་གཏན་ནས་མ་རེད།
དམ་པ་ཁོང་ཉིད་ལྡོག་ཏུ་མེད་པའི་ནད་ཡམས་ཀྱི་ཟིན་པའི་དུས་དེར་ཡང་ངག་བཅད་ཀྱི་བཀའ་ཐུབ་མུ་མཐུད་རྒྱུན་བསྐྱང་གནང་འདུག་ལ། དེ་ནི་རྫོགས་ཆེན་གྱི་གཞུང་འགར། ངག་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན། ངག་སྨྲ་བ་བཅད་པའི་འཁོར་ལོ་ལས་མི་འདའ་བར་བྱའོ། །སོགས་སྒོ་གསུམ་གྱི་རུ་ཤན་དང་འབྲེལ་བའི་ཉམས་ལེན་གྱི་ཚུལ་གསུངས་པ་དང་མཐུན་པའི་ཆུ་བོ་རྒྱུན་གྱི་རྣལ་འབྱོར་སྐྱོང་སྟངས་ཤིག་ཡིན་སྲིད། རྐྱེན་གྱི་བར་དུ་ཆོད་པ་མེད་པར་འདི་ལྟ་བུའི་ཉམས་ལེན་གྱི་རྒྱུན་སྐྱོང་ཐུབ་པའི་ངང་རྒྱུད་དང་། འཆི་བ་ཐོག་ཏུ་བབས་པར་བློ་གདེངས་ཚད་དུ་ཕྱིན་པ་ཁོང་ལྟ་བུ་ནི་སྙིགས་མའི་དུས་འདིར་ཡུལ་དུས་འདི་ན་ཅིས་ཀྱང་མཐོང་བར་དཀའ་བ་ཞིག་མ་རེད་དམ།
འོག་ཏུ་ང་ཚོས་ཁོང་གི་ཕྱག་བྲིས་དེར་མཉམ་དུ་མཇལ། ཡིག་ཆུང་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར་རེད།
མཁན་པོ། ང་བདེ་མོ་ཡིན་ཀྱང་། positive(ནད་རྟགས་ཡོད་པ་) རེད་འདུག ངའི་རོགས་པ་ngative (ནད་རྟགས་མེད་པ་)རེད་ཤག །སྤྱིར་ཁོ་ལ་མེད་པ་བློ་བདེ་སོང་། ང་ནི་སེམས་ཁྲལ་ཏིལ་འབྲུ་ཙམ་ཡང་མེད། ཆོས་པ་ན་ན་ན་གོ་ཆོད་དགོས། ཤི་ན་ཤི་གོ་ཆོད་དགོས་པ་རེད། སྤྱིར་བཏང་ང་ལ་ལོ་རེ་བཞིན་ཆམ་ནད་རིགས་ཡོང་གི་ཡོད། དེ་དག་ལ་དཔྱད་ནས་ནད་ཡམས་ཐོན་སྲིད་པ་རེད། ཐུགས་ཁྲལ་རྩ་བ་ཉིད་ནས་གནང་དགོས་མ་རེད། ན་གོ་དང་ཤི་གོ་ཆོད་པར་ཤོག །སེམས་ཅན་ཐམས་ཅད་ལ་ནད་འདི་མ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད།ཅེས་གསུངས་འདུག །
༩༽ ཆོས་ཤན་རྐྱེན་ངན་གྱིས་འབྱེད་ལ་གཟིགས།
ཁོང་གི་ཡིག་ཆུང་འདི་ལས་ངས་ལ་(ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་སུ་གསལ་)དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཆེན་པོ་ནས་འགྲོ་བའི་མགོན་པོ་ཕག་མོ་གྲུ་པས་མཛེ་ནད་ལམ་འཁྱེར་གྱི་བདག་གཞན་མཉམ་བརྗེ་བསྒོམས་པའི་རྣམ་ཐར་དྲན་དུ་བཅུག་བྱུང་ལ། ཀུན་མཁྱེན་ཀློང་ཆེན་རབས་འབྱམས་ཀྱིས་ཞལ་ཆེམས་དྲི་མ་མེད་པའི་འོད་དུ། འགྲོ་བའི་དུས་བབས་མགྲོན་པོ་ལམ་ཞུགས་བཞིན། །འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པས། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོད་ལས་དལ། །ཞེས་པའི་གསུངས་དེའང་དྲན་དུ་བཅུག་བྱུང་།
ཆོས་པ་ཟེར་བ་དེ། ན་ན་ན་གོ་ཆོད་པ་དང་ཤི་ན་ཤི་གོ་ཆོད་པ་ཞིག་དགོས་པ་དང་། གསེར་བནྡེ་གཉིས་ཀ་སྲེག་ན་རིན་ཐང་མངོན་པའི་དཔེ་ལྟར། འདི་ནི་ཆོས་ཤན་རྐྱེན་གྱིས་འབྱེད་པའི་ཆེས་མཐོའི་ཡིག་རྒྱུགས་ཤིག་ཀྱང་རེད་ཨང་།
ད་དུང་ཁོང་གིས་ ༼ན་གོ་དང་ཤི་གོ་ཆོད་པར་ཤོག །སེམས་ཅན་ཐམས་ཅད་ལ་ནད་འདི་མ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། ༽ཅེས་རྐྱེན་ངན་རང་ཐོག་ཏུ་དངོས་སུ་བསླེབས་པའི་སྐབས་དེར། འདི་ལྟ་བུའི་བློ་བརྟན་འགྱུར་བ་མེད་པའི་སྒོ་ནས་བྱང་ཆུབ་སེམས་ཀྱི་ཉམས་ལེན་ལ་གཞོལ་བ་ནི་ཁ་བཤད་བརྒྱ་ལག་ལེན་གཅིག་ཟེར་བ་ལྟར། ཧ་ཅང་རྨད་དུ་བྱུང་བའི་ཆོས་པའི་རང་རྟགས་རེད་ཨང་སྙམ་དུ་ལྷག་ཏུ་གུས་པ་སྐྱེས་བྱུང་། དེ་ནི་མདས་རྟགས་རིང་བསྲེལ་གང་ལས་ཀྱང་གལ་ཆེ་བའི་དོན་དམ་པའི་འདས་རྗེས་རེད། ང་ཚོས་ཀྱང་རང་ཉིད་ཀྱི་མི་ཚེའི་ཐ་མའི་དུས་རིམ་དེར་ཁོང་དང་ཁོང་ལྟ་བུ་དག་ལ་ཡོད་པའི་ནང་སེམས་ཀྱི་རླབས་ཆེན་གྱི་གྲུབ་འབྲས་སམ་བློ་བདེ་དེ་འདྲ་རེ་ཐོབ་རྒྱུར་རེ་བ་རྒྱག་དགོས།
ད་དུང་ཁོང་གིས། ༼ངའི་རོགས་པར་ནད་རྟགས་མེད་པ་རེད་འདུག་པས་བློ་བདེ་སོང་། ང་ནི་གང་ཡིན་ཡང་ཁྱད་པར་མེད་༽ཅེས་པ་འདིས། མི་ཆོས་ཀྱི་བསམ་བློ་རྐྱང་པའི་ངོས་ནས་ཀྱང་གསེར་སྲང་སྟོང་གིས་མི་ཁུག་པའི་བསམ་བློའི་གཅེས་ནོར་ཞིག་རེད། འདི་ལྟ་བུའི་བསམ་བློ་བཟང་པོ་དེའང་། དོན་དམ་པའི་ཉམས་ལེན་རྣལ་མ་ཡོད་མཁན་ཚོར་རྩོལ་མེད་ཤུགས་འབྱུང་གི་ཡ་རབས་དམ་པའི་སྤྱོད་པ་ཡིན་པ་སྟེ། འདི་ནི་ཆོས་ཀྱི་ཉམས་ལེན་དང་མི་ཆོས་བར་གྱི་ཕུན་སུམ་ཚོགས་པའི་མཐུན་སྦྱོར་གྱི་མིག་དཔེ་ཞིག་ཀྱང་རེད།
༡༠༽ བློ་སྣ་ཆོས་ལམ་ལ་ཕྱོགས་པ་གཅེས།
ཡག་ས་ནས་བཤད་ན། ང་ཚོས་ད་དུང་ཡང་རང་རེའི་ཆོས་པ་དག་གི་ནང་དུ་ཁོང་དང་ཁོང་ལྟ་བུའི་འཆི་བདག་གི་གཡུལ་ལས་རྒྱལ་བའི་དོན་གྱི་ཉམས་ལེན་པ་མང་པོ་ཡིད་ཆེས་བྱེད་ཆོག ང་ཚོས་ཁོང་དག་གི་རྣམ་ཐར་ལ་མིག་དཔེ་ལྟ་དགོས། ཟ་ཟིའི་སྣང་བ་སྒྱུ་མ་ལྟ་བུ་འདིའི་ཁྲོད་ནས་བླ་ན་མེད་ཅིང་ཡང་དག་པའི་དོན་ལ་ཕྱོགས་པའི་ཉམས་ལེན་གྱི་ཕྱོགས་ལ་ང་ཚོ་ཚང་མའི་བློ་ཁ་ཕྱོགས་དགོས།
ཞེས་པ་འདི་ཡང་། འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་གི་འདུལ་འཛིན་བྱ་བྲལ་བ་ཡོངས་གྲགས་རྒན་ངག་དབང་ཞུ་བ་ཞིག་ཏོག་ནད་ཕོག་པ་ཁ་གསལ་དུ་གྱུར་ནས་གཤེགས་ཁར་ཤོག་ཐོག་ཏུ་བྲིས་ནས་མཁན་པོ་ཞིག་ལ་བཞག་པའི་ཐ་མའི་ཡིག་ཆུང་མཇལ་བའི་རྐྱེན་བྱས། དེང་གི་དྲ་ལམ་གྱི་སྣང་ཚུལ་མང་པོ་ཞིག་ཀྱང་ཡིད་ལ་ཤར་བའི་རྐྱེན་ལས་ཆོས་སེམས་ཅུང་ཟད་ཀྱིས་བསྐུལ་ཏེ། སྤྱི་ལོ་ ༢༠༢༡ཟླ་ ༦ ཚེས་ ༢༠ བོད་ཚེས་དབྱར་ཟླ་འབྲིང་པོའི་ཡར་ཚེས་བཅུའི་ཉིན། ཨོ་གླིང་རི་སྔོན་པོར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་སོ། །