རྒན་རྒོན་གཉིས་ཏོག་དབྱིབས་ནད་དུག་ལས་དྲག་སྐྱེད་བྱུང་འདུག
ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ལོ་ན་རྒན་པ་ཚེ་སྲོག་ཤོར་མཁན་མང་བ་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་དེར། རྒྱ་གར་ནང་རྒན་རྒོན་གཉིས་ཏོག་དབྱིབས་ནད་དུག་ནས་དྲག་སྐྱེད་བྱུང་བའི་གནས་ཚུལ་བཟང་པོ་ཞིག་ཐོན་ནས་ཁྱབ་སྤེལ་ཆེན་པོ་འགྲོ་བཞིན་འདུག
ཟླ་༤ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་ནད་པ་མང་ཤོས་ཡོད་མཁན་གྲས་ཀྱི་ལྷོ་ཕྱོགས་མངའ་སྡེ་ཀེ་རེ་ལཱ་ཡི་ནང་དུ། རང་ལོ་༩༣ ཡིན་པའི་རྒན་པོ་ཞིག་དང་། ཁོའི་བཟའ་ཟླ་རང་ལོ་༨༨ ཡིན་པ་གཉིས་ཏོག་དབྱིབས་ནད་དུག་ལས་དྲག་སྐྱེད་བྱུང་ཡོད་འདུག་པ་དང་། ཁོང་གཉིས་ཀྱི་བུ་དང་ཁོའི་ཆུང་མ་ཡུ་རོབ་ཨི་ཊ་ལི་ནས་ཚུར་རྒྱ་གར་དུ་འབྱོར་སྐབས། གནམ་ཐང་ནས་ཚ་བ་བརྟག་དཔྱད་མ་བྱས་པར་ནང་དུ་འབྱོར་ནས། རྒན་རྒོན་གཉིས་དང་ཚ་བོ་ལ་ཏོག་དབྱིབས་ནད་དུག་འགོས་འདུག
ཡོངས་གྲགས་སུ་ལོ་ན་རྒན་པ་དང་སྔོན་ཚུད་ནས་ལུས་ལ་ན་ཚ་ཡོད་མཁན་ཚོར་ཏོག་དབྱིབས་ནད་དུག་འགོས་ཚེ། དྲག་སྐྱེད་བྱུང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་བཞིན་ཡོད་པ་ལྟར། ད་ལྟ་བར་ཚེ་སྲོག་ཤོར་མཁན་མང་ཆེ་བ་ཡང་ལོ་ན་རྒན་པ་དང་སྔོན་ཚུད་ནས་ལུས་ལ་ན་ཚ་ཡོད་མཁན་རྣམས་ཡིན་ཡང་། ཀེ་རེ་ལཱ་ཡི་རྒན་རྒོན་དེ་གཉིས་ལོ་ན་མཐོ་བ་མ་ཟད། ལོ་ན་མཐོ་བ་ལ་བརྟེན་ནས་ལུས་ལ་སྔོན་ཚུད་ནས་ན་ཚ་ཡོད་པ་ཡིན་འདུག་ཀྱང་། བདུན་ཕྲག་གསུམ་རིང་སྨན་ཁང་དུ་སྨན་བཅོས་བྱས་རྗེས་དྲག་སྐྱེད་བྱུང་འདུག་པ་དང་། ད་ལྟའི་ཆར་ནང་མི་ལྔ་པོ་ཆ་ཚང་དྲག་སྐྱེད་བྱུང་འདུག
དེ་ཡང་སྨན་ཁང་གིས་བརྗོད་པར་གཞིགས་ན། ཐོག་མར་རྒན་པོ་དེའི་ལུས་པོའི་གནས་སྟངས་ཛ་དྲག་ཆགས་ནས་དབུགས་གཏོང་ལེན་རམ་འདེགས་ཀྱི་ཡོ་ཆས་བེད་སྤྱོད་བྱེད་དགོས་ཁེལ་ཡོད་ཀྱང་། རྗེས་སུ་དྲག་སྐྱེད་བྱུང་ཡོད་འདུག སྨན་ཁང་ནང་རྒན་རྒོན་གཉིས་ཕན་ཚུན་མཐོང་ཐུབ་པའི་ཆེད་དུ། ཤེལ་སྒོའི་བྱང་རིས་ཡོད་པའི་ཉལ་ཁང་གཉིས་ནང་བཞག་ཡོད་འདུག རྒན་རྒོན་གཉིས་དྲག་སྐྱེད་བྱུང་ཡོད་ཀྱང་། ཁོང་གཉིས་ལ་ཞབས་ཞུ་བྱེད་མཁན་སྨན་ཞབས་མ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།