རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་ཚོང་ཙག་ཙིག་ཀྱང་རྒྱག་བཅུག་མི་འདུག


ཟླ་འདིའི་ཚེས་༢༠ལ་རྒྱ་གཞུང་གི་ཉེན་རྟོག་པས་བོད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྨོག་རུ་སྡེ་པའི་རྟ་རྒྱུག་རྩེད་འགྲན་སྐབས་སུ་སོ་སོའི་རླངས་འཁོར་ནང་ཚོང་རྫས་ཙག་ཙིག་རིགས་འཚོང་མཁན་བོད་མི་ཁག་ཅིག་ཁྲིམས་འགལ་གྱི་ཉེས་མིང་གཡོགས་ཏེ་འཛིན་བཟུང་དང་དངུལ་ཆད་བཅད་ཡོད་འདུག
ཟླ་འདིའི་གོང་ཚེས་ཉིན་བརྙན་ཐུང་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཐོན་པའི་ནང་། གསེར་ཆེན་རྫོང་རྨོག་རུ་སྡེ་པའི་སྤང་ཐང་ཐོག་ཏུ་དྲག་ཆས་སྤྲས་པའི་རྒྱ་མིའི་ཉེན་རྟོག་པ་མང་པོས་རླངས་འཁོར་ཞིག་གི་ཉེ་སར་བསྐོར་འདུག་ལ། དེར་བོད་མི་ཁག་ཅིག་ཡོད་པའི་ནང་ནས་གཙོ་བོ་ཞིག་གིས་མི་གཞན་ལ་གང་ཡང་མི་བྱེད་པར་ང་ཚོའི་ཚོང་རྫས་འཕྲོག་དོན་གང་ཡིན། ཚོང་རྫས་སྤྲོད་ཀྱི་མིན་ང་སོད་ཟེར་ནས་རླངས་འཁོར་དུ་མགོ་རྡེབ་ཀྱིན་ཁ་རྩོད་རྒྱག་བཞིན་པར་ལྟ་དུས། བོད་པ་ཚོང་རྒྱག་མཁན་འགའི་ཚོང་རྫས་ཉེན་རྟོག་པས་འཕྲོག་བཞིན་པ་ཤེས་ཐུབ།

དེ་བཞིན་ཡུན་རིང་མ་སོང་བར་ཉེན་རྟོག་པས་མི་གཉིས་བཙན་ཁྲིད་བྱས་སོང་ལ། ཚོང་པ་ཞིག་གི་ཨ་མས་རླངས་འཁོར་འོག་ཏུ་ཉལ་བ་དང་བུད་མེད་གཞན་ཞིག་གིས་རླངས་འཁོར་འདུན་ནས་འགོག་པ་སོགས་ཀྱིས་བཀག་འགོག་དང་རེ་ཞུ་བྱེད་བཞིན་པ་བརྙན་ལམ་ནས་མཐོང་རྒྱུ་འདུག
ཕྱི་ཚེས་༢༤ཉིན་ས་གནས་ཉེན་རྟོག་པས་ཁོང་ཚོའི་བརྒྱུད་ལམ་དུ་གསལ་བོ་མེད་པའི་བརྙན་ཐུང་ངུ་ཞིག་སྤེལ་བའི་ནང་དུ། ཟླ་༧ཚེས་༢༠ ཉིན་ཡུལ་སྐོར་དང་འབྲེལ་བའི་ཁྲིམས་འགལ་བྱེད་མཁན་དང་བརྙན་ལེན་མི་སོགས་གནས་ཚུལ་དེའི་འབྲེལ་ཡོད་ཚང་མར་བཀག་ཉར་དང་དངུལ་གྱི་ཉེས་ཆད་བཅད་ཡོད་པར་བརྗོད་འདུག་པས། བརྙན་ནས་བཙན་ཁྲིད་བྱས་པའི་མི་གཉིས་ཙམ་མ་ཟད་དེའི་འབྲེལ་ཡོད་བརྙན་ལེན་མཁན་དང་བཅས་པ་ཚང་མར་བཀག་ཉར་དང་དངུལ་ཆད་བཅད་ཡོད་པ་ཤེས་ཐུབ་ཀྱི་འདུག མི་མང་ཚོས་ཁོང་ཚོའི་བརྙན་དེའི་འོག་ཏུ་མཆན་མང་པོ་བཏབ་འདུག་པའི་ནང་དུ། བརྙན་མགོ་ནས་ཆ་ཚང་མི་སྟོན་པའི་རྒྱུ་མཚན་གང་རེད་ཅེས་དང་། རང་ས་རང་ཡུལ་དུ་ཚོང་བརྒྱབས་པ་དང་ཡུལ་སྐོར་བར་རྟ་བསྐྱོན་ནས་གླ་ལེན་པ་སོགས་བྱས་ཀྱང་ཁྲིམས་ག་རེ་འགལ་བ་རེད་སོགས་དྲི་བ་དང་ཉེན་རྟོག་པའི་བྱ་སྤྱོད་དེར་མི་འཐད་པའི་བསམ་ཚུལ་མང་པོ་ཐད་ཀར་དུ་བྲིས་འདུག
གཞན་ཡང་ས་གནས་མི་མང་གིས་སྐབས་དེར་རྒྱ་མིའི་ཚོང་པ་མང་པོ་ཡོད་འདུག་ཀྱང་བོད་མི་ལས་གཞན་རྒྱ་མི་ལ་གང་ཡང་བྱས་མེད་པ་དང་། དྲང་བདེན་མེད་པའི་ཐོག་ནས་བོད་མི་དེ་དག་གི་ཚོང་རྫས་ཁྲིམས་མཐུན་མ་ཡིན་པ་དང་ཚང་མ་གཞུང་བཞེས་གཏོང་རྒྱུའི་འཇིགས་སྐུལ་བྱས་པར་འགྲེལ་བརྗོད་བྱས་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།