རྒྱ་གཞུང་གི་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་བསྐྱར་དུ་བརྡུངས་ཏེ་འགྲོ་སྐྱོད་མི་ཐུབ་པ་བཟོས་ཡོད་འདུག

པར་རིས་ཡོང་ཁུངས་བོད་ཀྱི་དུས་བབ།


ད་ལྟ་རྒྱའི་བཙོན་འོག་ཏུ་ཚུད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་རྒྱ་གཞུང་གི་ཉེན་རྟོག་པས་བསྐྱར་དུ་རྡུང་རྡེག་ཆེན་པོ་བཏང་སྟེ་འགྲོ་སྐྱོད་མི་ཐུབ་པ་བཟོས་ཡོད་འདུག
བོད་ཀྱི་དུས་བབ་ཏུ་འཁོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་མི་དམངས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་དྲང་བདེན་གྱི་ཞུ་གཏུག་ལས་འགུལ་སྤེལ་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་ཁག་ཅིག་གིས་ཁོང་མོ་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་འདུག་པ་དང་། ཐོག་མར་བཙན་འཁྲིད་བྱེད་སྐབས་བདེ་ཐང་ཡིན་ཡང་ཀློད་བཀྲོལ་གཏོང་དུས་ཁོང་འགྲོ་སྐྱོད་མི་ཐུབ་པ་མ་ཟད་ལུས་ལ་གཅར་རྡུང་བཏང་བའི་སྨུག་ཐིག་གིས་ཁེངས་ཡོད་སྐོར་དང་།
དེ་སྔོན་བརྙན་ཐུང་སོགས་བླངས་ཏེ་ཁྱབ་སྤེལ་ཐུབ་ཀྱི་ཡོད་ཀྱང་། དེང་སང་རྒྱ་གཞུང་གི་དམ་དྲག་ཤུགས་ཆེན་ལ་བརྟེན་ནས། བརྙན་དང་པར་རིས་སོགས་བླངས་ཏེ་བརྒྱུད་སྐུལ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གནས་ཚུལ་མཁོ་སྤྲོད་པས་གསར་ཁང་དུ་བརྗོད་པར་བཀོད་འདུག
མགོན་པོ་སྐྱིད་ལགས་ཉེ་ཆར་ཏེ་ཕྱི་ཟླ་༨ པའི་ཚེས་༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་གྲྭ་བཞི་བཙོན་ཁང་གི་སྒོ་ཁར་རུབ་བརྡུང་བྱས་ཡོད་པ་རེད། སྐབས་དེར་ཁོང་མོའི་བརྙན་ཐུང་ཞིག་ཕྱིར་ཐོན་འདུག་པ་ལས། ཉིན་དེར་མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅེན་པོ་ཐུག་འཕྲད་ཐུབ་པའི་ཕྱིར་དུ་གྲྭ་བཞི་བཙོན་ཁང་གི་སྒོ་ཁར། རྒྱ་གཞུང་གི་ཁྲིམས་ནང་གསལ་བ་བཞིན་རེ་བ་དང་འབོད་སྐུལ་ཞུས་ཏེ་ཁོང་མོའི་གཅུང་པོ་ཐུག་ཐབས་བྱས་འདུག་ཀྱང་། ཁོང་ཚོས་ཡ་མ་བྱས་པས་མགོན་པོ་སྐྱིད་ཐབས་ཟད་ཅིང་ཕྱག་འཚལ་ཏེ་ཞི་བའི་ལས་འགུལ་ཞིག་སྤེལ་འདུག་པ་དང་། དེ་དུས་གྲྭ་བཞི་བཙོན་ཁང་གི་ས་གནས་ཉེན་རྟོག་པས་ཁོང་མོར་ཕྱག་འཚལ་བ་ཁྲིམས་འགལ་ཡིན་ཚུལ་བཤད་དེ། ཁོང་མོ་མི་གཅིག་ལ་ཉེན་རྟོག་པ་མང་པོ་རུབ་སྟེ་གྲྭ་བཞི་བཙོན་ཁང་གི་སྒོ་ཁར་ཡར་འདྲུད་མར་འདྲུད་དང་རུབ་བརྡུང་བྱས་ཡོད་འདུག་པས། ཁོང་གི་དཔུང་པ་སོགས་སུ་སྨུག་ཐིག་བཟོས་པ་བརྙན་ལམ་ནས་མཐོང་རྒྱུ་ཡོད། དེ་བཞིན་ཉེན་རྟོག་པས་བཙན་གྱིས་ཕྱིར་ནང་དུ་ལོག་བཅུག་ཡོད་པའི་གནས་ཚུལ་ཡོད་པ་དང་། མགོན་པོ་སྐྱིད་ལགས་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་ཡིན་པ་དང་། ཁོང་༢༠༠༧ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁ་གཡོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནས་བཟུང་། ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་བདེན་དཔང་ཐོབ་རྒྱུའི་ཞུ་གཏུག་དང་། ཁོང་གློད་བཀྲོལ་ཡོང་བ་བཅས་ཀྱི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། དབང་ཤེད་ཀྱིས་བཀག་འགོག་དང་དུས་བཀག་བཙོན་འཇུག ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་རྐྱེན་གྱིས། དེ་སྔོན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཐོག་བསྐྱལ་ཡོད་པ་དང་། དེའི་རྗེས་སུ་བསྐྱར་དུ་རྒྱ་གཞུང་གི་ཉེན་རྟོག་པས་རུབ་བརྡུང་བྱས་ཏེ་གཟུགས་པོར་སྨུག་ཐིག་གིས་ཁེངས་པ་བཟོས་ཡོད་པ་རེད་ལ། ད་ཐེངས་ཡང་བསྐྱར་ཉེན་རྟོག་པས་ཁོང་མོ་བརྡུངས་ཏེ་འགྲོ་སྐྱོད་མི་ཐུབ་པ་བཟོས་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།