རྒྱ་གཞུང་གི་ཉེན་རྟོག་པས་སེར་ཤུལ་རྫོང་ནས་བོད་པའི་བུད་མེད་གཉིས་འཛིན་བཟུང་བྱས་འདུག

ཉེ་ཆར་འཕྲིན་ཕྲན་ཚོགས་པའི་ནང་ཆོས་ངོ་སྤྲོད་དང་དགེ་སྒྲུབ་སྡིག་སྤོང་གི་སྒྲ་ཐག་བརྒྱུད་བསྐུར་བྱས་པའི་ཉེས་འཛུགས་འོག སེར་ཤུལ་རྫོང་ནས་བོད་པའི་བུད་མེད་གཉིས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟ་གང་དུ་ཡོད་དང་གནས་སྟངས་ཅི་ཡིན་ཤེས་རྟོགས་ཡོང་གི་མེད་པ་ཡིན་འདུག
བོད་ཀྱི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་སེར་ཤུལ་རྫོང་སྐར་ཆེན་ཤང་ནས་ཡིན་པའི་བོད་རིགས་བུད་མེད་མཚོ་མོ་དང་ཉི་སྒྲོན་ཞེས་པ་གཉིས་ཀྱིས་འཕྲིན་ཕྲན་ཚོགས་པ་(རླུང་རྟ་ཡར་འགྲོ། མི་གྲངས་༣༢༠) དང་(ས་ཏྭ་ཚོགས་པ། མི་གྲངས་༤༦༩) གཉིས་ཀྱི་ནང་དུ། ནང་ཆོས་ངོ་སྤྲོད་དང་དགེ་སྒྲུབ་སྡིག་སྤོང་གི་སྒྲ་ཐག་བརྒྱུད་བསྐུར་བྱས་པའི་ཉེས་འཛུགས་འོག སེར་ཤུལ་རྫོང་སྐར་ཆེན་ཤང་གི་ཉེན་རྟོག་པས་འཛིན་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་བརྗོད་ཡོད་འདུག་ལ། གཞན་ཡང་ལོ་འདིར་རྒྱ་གཞུང་གིས་དམིགས་བསལ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྐར་ཆེན་ཤང་གཅིག་པུའི་ནང་དུ་ཆོས་ཕྱོགས་དང་འབྲེལ་ནས་ཡུལ་མི་མང་པོ་ཞིག་འབོད་འགུག་དང་འདྲི་རྩད་བྱས་ནས་རིམ་པར་གློད་གྲོལ་བཏང་ཡོད་ཀྱང་། བུད་མེད་མཚོ་མོ་དང་ཉི་སྒྲོན་གཉིས་འཛིན་བཟུང་བྱས་ནས་དུས་ཡུན་བདུན་ཕྲག་གཉིས་མ་ཟིན་ཙམ་ཕྱིན་ཡང་། ད་དུང་ཉེན་རྟོག་པས་ནང་མི་འབྲེལ་ཡོད་ལ་བརྡ་ལན་ཙམ་ཡང་མ་སྤྲད་པས། ཁོང་གཉིས་གར་ཡོད་ཅི་བྱས་ཀྱི་གནས་སྟངས་ཤེས་ཀྱི་མེད་པར་བརྗོད་འདུག
དེ་བཞིན་མཚོ་མོ་དང་ཉི་སྒྲོན་གཉིས་ནི་གཉེན་ཚན་ཡིན་ཞིང་། ནམ་རྒྱུན་དང་བླངས་ཀྱི་སྒོ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ནས་གཞི་རིམ་ཆོས་དད་མི་དམངས་ལ་ཞབས་ཞུ་སྒྲུབ་མཁན་དང་། ལྷག་པར་དབུལ་པོ་ཉམ་ཐག་དང་བདག་མེད་རྒན་རྒོན་ཚོར་ཟླ་རེར་ཟ་འབྲུ་སོགས་ཀྱི་རོགས་རམ་གནང་མཁན་བུད་མེད་བྱམས་བརྩེ་དང་ལྡན་པ་གཉིས་ཡིན་འདུག མཚོ་མོར་བྱིས་པ་གཉིས་ཡོད་པ་དང་བཟའ་ཟླའི་མིང་ལ་ཉི་དགའ་ཟེར་གྱི་ཡོད་འདུག་པ་དང་། ཁོང་མོས་སྐྱེ་དགུ་མདོར་མདའ་མའི་ཚོང་ཁང་ཟེར་བ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་འདུག ཉི་སྒྲོན་ནི་མོའི་ཨ་མ་དང་མཉམ་དུ་ཚོང་ལས་ཙག་ཙིག་གཉེར་ནས་འཚོ་བ་རོལ་བཞིན་ཡོད་པར་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།