རྒྱ་གཞུང་གི་ཞེད་སྣང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༣༧  ཕྱི་ལོ་ ༢༠༡༥/༤/༨

ཉེ་ཆར་རྒྱ་དམར་གཞུང་གི་མགྲིན་ཚབ་པས་༧གོང་ས་མཆོག་ལ་ཤྲི་ལངྒ་གཞུང་གིས་ཐོངས་མཆན་མ་ཕུལ་བར་ཐུགས་རྗེ་ཆེ་ཞེས་ཡོངས་ཁྱབ་ཏུ་བསྒྲགས་ཡོད་པ་དང། དེ་ནི་རྒྱ་དམར་གཞུང་གིས་རྒྱལ་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་པ་རེད། དམར་སེར་ངུར་སྨྲིག་གི་གོས་ཀྱིས་བརྒྱན་ཅིང། ཞི་དུལ་བྱམས་བརྩེ་ཡིས་ཐུགས་རྒྱུད་ཕྱུག་པའི་ཤཱཀྱའི་དགེ་སྦྱོང་ཆེན་པོ་ཞིག་རྒྱལ་ཁབ་གང་དུ་ཆིབས་བསྒྱུར་བསྐྱངས་དང་མ་བསྐྱངས་ཀྱི་ཐོག་ནས་སྟོབས་ཆེན་རྒྱལ་ཁབ་ཏུ་གྲགས་པའི་རྒྱ་ནག་གཞུང་ལ་དམིགས་བསལ་གྱི་ཕན་གནོད་གང་ཡང་མེད་ཀྱང། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ནུས་སྟོབས་ལ་བརྟེན་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཧ་ཅང་ཆེ་བས། རྒྱ་ནག་གཞུང་གིས་དུས་རྒྱུན་འཛམ་གླིང་གི་རྒྱལ་ཁབ་ཀུན་ལ་གདན་འདྲེན་མི་ཞུ་བ་དང། གདན་འདྲེན་ཞུས་ཀྱང་གཞུང་གི་དཔོན་རིགས་ཁག་དང་ཐུག་འཕྲད་མི་གནང་རྒྱུའི་འབོད་སྐུལ་དང་གནོན་ཤུགས་སྦྲགས་ནས་སྤྲོད་ཐབས་བྱེད་བཞིན་ཡོད། སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་པས་ད་ལན་ཤྲི་ལངྒ་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

ད་ལྟའི་ཆར་བོད་ནང་དུ་ཡར་རྒྱས་ཆེན་པོ་སོང་ཡོད་པ་དང་རང་དབང་དང་འདྲ་མཉམ་གྱི་གནས་སྟངས་ཡག་པོ་ཡོད་པ། བོད་མི་རིགས་ཀྱི་ངོས་ནས་འདོད་པ་ཁེངས་ངེས་ཀྱི་གནས་བབས་ཤིག་ཏུ་སླེབས་ཡོད་ཚུལ་དེ་བདེན་ན་རྒྱ་གཞུང་གིས་དམ་དྲག་དང་གདུག་རྩུབ་ཀྱི་སྲིད་བྱུས་ལུ་གུ་རྒྱུད་དུ་སྤེལ་དགོས་དོན་མེད་ལ། འཛམ་གླིང་གི་རྒྱལ་ཁབ་ཀུན་གྱིས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་དང། བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་བརྗོད་པ་དངོས་ཡོད་ཡིན་ན། ཆབ་སྲིད་ཀྱི་ཐུགས་འགན་གང་ཡང་བཞེས་མེད་པའི་ནང་པའི་དགེ་སློང་ཞིག་རྒྱལ་ཁབ་གང་དུ་ཆིབས་བསྒྱུར་གནང་དང་མ་གནང་གི་ཐོག་ལ། རྒྱལ་ཁབ་ཆེན་པོ་ཞིག་ལ་དེ་ཙམ་གྱིས་ཞེད་སྣང་བྱེད་དགོས་དོན་གང་ཡང་མེད། འོན་ཀྱང་རྒྱ་དམར་གཞུང་གི་སེམས་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་ནི། དུས་ནམ་ཡང་ཁ་གཏད་གཅོག་དཀའ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང། རྒྱ་གཞུང་ལ་རང་ཉིད་ཀྱི་རྒྱལ་ཁབ་བརྟན་ལྷིང་དང་གཅིག་གྱུར་གྱི་ཐོག་ལའང་གདེང་ཚོད་གང་ཡང་མེད་པའི་རྣམ་འགྱུར་ཕྱིར་མངོན་པ་ཞིག་རེད།

དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་འཁྲུངས་དང་མི་འཁྲུངས་རྒྱ་ནག་གཞུང་ལ་དབང་ཆ་ཡོད་པ་ལས། ༧གོང་ས་མཆོག་སྐུ་སྒེར་ལ་དབང་ཆ་མེད་ཅེས་ནན་བརྗོད་བྱེད་བཞིན་ཡོད་པ་ནི་དེ་བས་ཀྱང་གད་མོའི་གནས་སུ་གྱུར་ཡོད། ད་ལྟ་༧གོང་ས་མཆོག་གི་སྐུའི་གཟི་བརྗིད་དང་མཛད་འཕྲིན་ལ་ཞེད་སྣང་སྐྱེས་ནས་མ་འོངས་པར། ཁོང་གི་ཤུགས་རྐྱེན་དེ་རྒྱ་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བཙན་ཤེད་ཀྱིས་བསྒྱུར་ཐུབ་པའི་རེ་བ་སྟོང་པ་ཞིག་བརྒྱབ་པ་ཙམ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་དམར་གཞུང་གིས་བསྐོས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་གང་ཡང་མེད་ལ། རྒྱལ་སྤྱིའི་ནང་ཤུགས་རྐྱེན་དེ་བས་ཀྱང་མེད། ཕྱོགས་གཅིག་ནས་མ་འོངས་པར་རྒྱ་དམར་གཞུང་གི་དཔོན་རིགས་ཁག་གི་བསམ་བློ་དང་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་འགྲོ་མི་སྲིད་པའང་མིན། གལ་སྲིད་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཅིག་རྒྱ་གཞུང་གིས་རྫུན་བཟོ་བྱས་པའི་དབང་དུ་བཏང་ཡང། དེ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་མི་སྲིད་པ་ནི་གོང་གི་དཔེ་མཚོན་དེའི་ཐོག་ནས་གསལ་པོ་ཆགས་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན་༧གོང་ས་མཆོག་གིས་བོད་དེ་རྒྱ་ནག་དང་ཁ་བྲལ་དུ་མི་འགྲོ་བའི་ཐབས་ཤེས་གནང་བཞིན་ཡོད་པ་དང། དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ནི་བོད་རྒྱའི་འཐབ་རྩོད་ཀྱི་ཐོག་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཆུད་ཟོས་སུ་མི་འགྲོ་བ་དང། འཁོན་སེམས་དགྲར་འཛིན་གྱི་བསམ་བློ་དོར་ནས་ཞི་བདེ་མཉམ་གནས་ཤིག་ཡོང་ཐུབ་པ་བྱུང་ན་བོད་རྒྱ་གཉིས་ཀྱི་བདེ་སྐྱིད་ལ་ཕན་ཐོགས་ཤིག་ཡོང་བའི་ཐུགས་རེ་གནང་གི་ཡོད། ད་ལྟའི་ཆར་རྒྱ་གཞུང་གི་སྲིད་བྱུས་དང་བྱེད་སྟངས་ལ་སྡང་ཟུག་ཆེན་པོ་བྱེད་མཁན་གྱི་བོད་མི་ན་གཞོན་མི་ཉུང་བ་ཞིག་གིས་༧གོང་ས་མཆོག་གིས་དགོངས་གཞི་དེ་ལའང་དེ་ཙམ་གྱི་འདོད་མོས་མེད་པའི་རྣམ་འགྱུར་མངོན་གསལ་དུ་སྟོན་བཞིན་ཡོད་ལ། རྒྱ་གཞུང་གི་བྱེད་སྟངས་འདི་རིགས་ལ་བརྟེན་ནས་མ་འོངས་པར་བོད་ཕྱི་ནང་གཉིས་སུ་༧གོང་ས་མཆོག་གི་དགོངས་གཞི་ལ་རྒྱབ་སྐྱོར་མི་བྱེད་པའི་མི་རབས་གསར་པ་ཞིག་འཚར་ལོང་འབྱུང་བར་སྐུལ་འདེད་ཆེན་པོ་ཞིག་ཏུ་གྱུར་ཡོད།

མདོར་ན་ཐབས་ཤེས་ག་འདྲ་ཞིག་བརྒྱུད་ནས་རྒྱ་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་རྫུན་བཟོ་བྱས་ཀྱང་དེ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཡོང་མི་སྲིད་པ་དང། དེ་བས་ད་ལྟའི་ཆར་༧གོང་ས་མཆོག་གི་རླབས་ཆེ་བའི་དགོངས་གཞི་ལ་རྒྱ་གཞུང་གི་བསམ་ཤེས་ཡག་པོ་ཞིག་བྱེད་ཐུབ་པའི་དབང་དུ་བཏང་ན། འཕྲལ་ཕུགས་གང་ཐད་ནས་རྒྱ་དམར་གཞུང་ལ་ཁེ་ཕན་ཆེན་པོ་ཡོད་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གི་མི་འབོར་དུང་ཕྱུར་བཅུ་གསུམ་དང། བོད་རིགས་ས་ཡ་བདུན་ཙམ་གྱི་གྲངས་འབོར་གྱི་ཐོག་ནས་ཁ་གཏད་གཅོག་མི་ཐུབ་ཚུལ་བརྗོད་མཁན་ཡོད་ཀྱང། དུས་རབས་ཉེར་གཅིག་པའི་ནང་དུ་མི་འབོར་མང་ཉུང་ལ་བརྟེན་ནས་ཚང་མ་སྡེབ་གསོད་བྱེད་ཆོག་ཆོག་ཅིག་ག་ལ་ཡིན། རྒྱ་གཞུང་གིས་བོད་རྒྱའི་གནད་དོན་ཐག་གཅོད་མི་བྱེད་པ་མ་ཟད། ༧གོང་ས་མཆོག་གང་དུའང་ཕེབས་མི་ཐུབ་པའི་ཐབས་ཤེས་བྱེད་བཞིན་པ་དང། མ་འོངས་པར། ཡང་སྲིད་རྫུན་མ་བཟོ་རྒྱུའི་ཁྱབ་བསྒྲགས་ཀྱང་ད་ལྟ་ནས་བྱས་ཟིན་པས། བོད་རྒྱའི་གནད་དོན་འདི་ཉིད་དུས་ཐུང་ནང་ཐག་གཅོད་ཐུབ་པ་ཞིག་ཏུ་གཏན་ནས་གྱུར་མེད།།