རྒྱ་གཞུང་གིས་༧གོང་ས་མཆོག་གི་བརྙན་མཇལ་མཁན་ཞིག་འཛིན་བཟུང་བྱས་འདུག

ཟླ་འདིའི་ཚེས་༡༩ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོ་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ནང་བོད་མི་ཞིག་གིས་༧གོང་ས་མཆོག་གི་བརྙན་མཇལ་སྐལ་རག་རུང་། རྒྱ་ནག་གཞུང་གིས་ཁོང་ཉིད་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

དེ་ཡང་ཉེ་ལམ་ཕྱི་ཟླ་༤ པའི་ཚེས་༡༠ ཉིན་རྔ་བ་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་གི་ཞོགས་ཚོགས་སུ་དགེ་སློབ་ཚང་མ་འཛོམས་པའི་སར་བོད་ཡིག་དགེ་རྒན་ཞིག་གིས་དེང་སང་རྒྱ་ནག་གི་དྲྭ་ལམ་ནས་༧གོང་ས་མཆོགགི་བརྙན་པར་ཡང་ཡང་མཇལ་ཐུབ་པ་ནི་ཧ་ཅང་སྐལ་བ་བཟང་པོ་རེད་ཅེས་གསུངས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ཉིད་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་ཁོང་ཉིད་ད་དུང་ཡང་བཀག་ཉར་འོག་གནས་མུས་རེད་འདུག་ཅེས་འཁོད་འདུག་ལ་དགེ་རྒན་ཁོང་གིས་ད་ལྟ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གྱི་བྱིས་པ་ཞིག་གི་བརྙན་ཐུང་སྤེལ་བཞིན་པ་དེ་སྐལ་པ་བཟང་པོ་རེད། ང་ཚོ་བོད་མི་ཚོར་ཁོང་དངོས་སུ་མཇལ་རྒྱུའི་སྐལ་པ་བཟང་པོ་མེད་ན་ཡང་། ལོག་ཕྱོགས་ནས་ཁོང་གི་བརྙན་མཇལ་རྒྱུ་ཡོད་པ་དེ་ནི་ང་ཚོའི་བསོད་ནམས་རེད། ༧རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་རྟགས་མཚན་ཡག་པོ་རེད། དགེ་སློབ་ཚང་མས་གསོལ་་སྨོན་ལམ་ཡག་པོ་ཐོབས་དང་ཁོང་ལ་དངོས་སུ་མཇལ་བ་དང་གཅིག་རེད། མ་གཞི་ཁོང་གི་བརྙན་ཐུང་དེ་ནི་ཁོང་ལ་མི་དགའ་མཁན་ཚོས་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པ་ལས་ཁོང་ནི་སངས་རྒྱས་སྐྱོན་གྱིས་མ་གོས་པ་ཞིག་རེད་ཅེས་འཁོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།