རྒྱ་གཞུང་གིས་དབྱིན་ཡིག་ནང་གི་བོད་མིང་(Tibet)་ཞེས་པ་དེ་རྒྱའི་ཕིན་ཡིང་(Xizang)ལ་སྒྱུར་ཐབས་བྱེད་བཞིན་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བོད་རིག་པའི་ཚོགས་ཆེན་ཟེར་བ་ཞིག་རྒྱ་ནག་པེ་ཅིན་དུ་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་གི་ཤེས་ཡོན་པ་དག་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དབྱིན་ཡིག་ནང་ཡོད་པའི་(Tibet)ཟེར་བ་དེ་བསྒྱུར་ནས་(Xizang)ཟེར་བ་དེ་འབྲི་དགོས་པར་བརྗོད་ཡོད་འདུག
ཕྱི་ཚེས་༡༧ ཉིན་( South China Morning Post)གྱིས་གསར་འགྱུར་སྤེལ་གསལ་ལ། ཉེ་ཆར་རྒྱ་ནག་པེ་ཅིན་དུ་བོད་རིག་པའི་ཚོགས་ཆེན་ཟེར་བ་ཞིག་གཟའ་ཟླ་བ་ནས་གཟའ་ལྷག་པ་བར་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་གི་ཤེས་ཡོན་པ་དག་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དབྱིན་ཡིག་ནང་ཡོད་པའི་བོད་ཀྱི་མིང་(Tibet)ཟེར་བ་དེ་ (Xizang)ཤིས་ཙང་ཞེས་བསྒྱུར་དགོས་པར་བརྗོད་ཡོད་འདུག རྒྱ་ནག་གི་(harbin Engineering University) གཙུག་ལག་སློབ་ཆེན་གྱི་དགེ་རྒན་(Wang Linping)ཟེར་བས་བརྗོད་དོན་ལ་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དག་སྲ་བརྟན་ཡོང་ཐབས་སུ་བོད་ཀྱི་མིང་བརྗེ་བོ་རྒྱག་རྒྱུ་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། (Tibet)ཟེར་བའི་བོད་ཀྱི་མིང་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ས་ཁམས་ཆགས་ཚུལ་ཐོག་ནས་གོ་བ་ལོག་པ་ཞིག་ལེན་གྱི་ཡོད་པར་བརྟེན། བོད་ཟེར་བའི་མིང་དེ་རྒྱ་ཡིག་ནང་ཡོད་པའི་ཤིས་ཙང་ཟེར་བའི་རྒྱ་ཡིག་གི་ཕིན་ཡིག་(Pinyin)དེ་བེད་སྤྱོད་གཏོང་དགོས་པར་བརྗོད་འདུག དེ་བཞིན་(Tibet)ཟེར་བའི་མིང་ཚིག་དེ་རྒྱ་ནག་གི་ཕྱི་ལོག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། མིང་ཚིག་དེ་བོད་གཅིག་པུར་མ་ཡིན་པར་དེའི་ནང་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་དེ་དག་ཚུད་ཀྱི་ཡོད་པས། དེ་ནི་ཏྰ་ལའི་སྐྱེ་ཕྲེང་བཅུ་བཞི་པས་རྗོད་བཞིན་པའི་བོད་ཆེན་པོ་ཟེར་བ་དེ་དང་གཅིག་མཚུངས་སུ་གྱུར་ཡོད་ཅེས་བརྗོད་འདུག
རྒྱ་ནག་གིས་བེད་སྤྱོད་བྱེད་པའི་ཤིས་ཙང་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་གོ་བས། མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་གཞན་རྣམས་རྒྱ་ནག་གི་ས་ཁུལ་ལས་བོད་ཀྱི་ས་ཆ་མིན་པར་བཟོ་ཐབས་བྱེད་བཞིན་ཡོད་འདུག ད་ཆར་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ངོ་བོ་བསྒྱུར་ཐབས་བྱེད་བཞིན་པ་ནི། ཕྱི་ལོ་༢༠༡༧ ནས་ཞིན་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་སྲིད་གྲོས་ནང་འགོ་བཙུགས་ཡོད་པ་དང་། ཐབས་ལམ་གཅིག་ནི་གྲངས་ཉུང་མི་རིགས་ཁག་ནང་རྒྱ་ཡིག་གནས་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན་འདུག ཀྲུང་གོ་བོད་རིག་པའི་ལྟེ་གནས་ཁང་ཟེར་བའི་འགོ་འཛིན་(Lian Xiangmin)ཟེར་བས་བརྗོད་དོན་ལ། ཕྱི་ལོ་༡༩༧༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་ས་ཆའི་མིང་དག་རྒྱ་ཡིག་གི་ཕིན་ཡིག་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད་ཚུལ་བརྗོད་འདུག ཀྲུང་གོའི་བོད་ཀྱི་གསར་འགྱུར་ཁང་ཟེར་བའི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་(Xia yan)ཟེར་བས་བརྗོད་དོན་ལ། དབྱིན་ཡིག་ནང་ཡོད་པའི་བོད་(Tibet)ཞེས་པའི་མིང་དེ་རྒྱ་ཡིག་གི་ཕིན་ཡིག་ནང་ཤིས་ཙང་བསྒྱུར་ན་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་སྐོར་གོ་བདེ་བ་ཆགས་ཀྱི་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དག་སྲ་བརྟན་ཆགས་ཐུབ་ཀྱི་ཡིན་པར་བརྗོད་འདུག
བོད་རིག་པའི་ཚོགས་ཆེན་ཟེར་བ་དེའི་ཐོག་ཚོགས་བཅར་བ་༣༢༠ ཙམ་འཛུལ་ཞུགས་བྱས་ཡོད་འདུག་ལ། ཚོགས་བཅར་བ་༤༠ རྒྱ་ནག་གི་ཕྱི་ཕྱོགས་ནས་ཡིན་ཚུལ་བརྗོད་འདུག རྒྱ་ནག་གི་ས་ཆ་འགའ་ཤས་ཀྱི་མིང་རྒྱ་ཡིག་གི་ཕིན་ཡིག་ནང་བྲིས་ཡོད་འདུག་ལ། ཡང་འགའ་ཤས་ས་ཁུལ་སོ་སོའི་མིང་རྒྱལ་སྤྱིའི་ཐོག་ཡོངས་གྲགས་ཡིན་པ་རྣམས་ད་དུང་བེད་སྤྱོད་བྱེད་བཞིན་ཡོད་འདུག དཔེར་ན། ནང་སོག་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན་དབྱིན་ཡིག་ནང་(Inner Mongolia Autonomous region)བེད་སྤྱོད་བྱེད་ཀྱི་ཡོད་པ་ལས་རྒྱ་ཡིག་ཕིན་ཡིག་ནང་(Nei Menggu)ཟེར་བའི་མིང་བསྒྱུར་ཡོད་མི་འདུག་ལ། དེ་བཞིན་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་(Urumqi)དང་(Kashgar)ཟེར་བའི་མིང་བེད་སྤྱོད་ཀྱི་ཡོད་པ་ལས་རྒྱ་ཡིག་ཕིན་ཡིག་ནང་( Wulumuqi and Kashi)ཟེར་ནས་མིང་བསྒྱུར་ཡོད་མི་འདུག ད་ཆར་རྒྱ་ནག་དམར་ཤོག་གཞུང་གི་གསར་འགྱུར་རྒྱུད་ལམ་ཁག་(CGTN) ལྟ་བུས། ཕྱི་ལོ་༢༠༡༩་ནས་ཤིས་ཙང་ཟེར་བའི་མིང་དེ་བེད་སྤྱོད་བྱས་ཡོད་འདུག་ལ། ད་ཆར་རྒྱ་ནག་གཞུང་གི་གསར་ཁང་ཁག་གིས་མིང་ཚིག་དེ་བེད་སྤྱོད་བྱེད་ཐབས་བྱེད་བཞིན་ཡོད་འདུག མདོར་ན། ད་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཐ་ན་བོད་ཀྱི་མིང་བསྒྱུར་ནས་བོད་ཟེར་བ་དེ་རྒྱ་ནག་གི་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་གཅིག་པུར་ལས་གཞན་མདོ་ཁམས་གཉིས་ཀྱི་ས་ཆ་རྣམས་རྒྱ་ཁོངས་ཡིན་ཚུལ་གྱི་ལོག་འགྲེལ་བྱེད་ཐབས་བྱེད་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
