རྒྱ་གཞུང་གིས་བཙན་ཤེད་ཀྱིས་བོད་མི་གནས་སྤོ་རུ་བཅུག་སྟེ་ལས་ཀ་རག་བདེ་བ་སོགས་ཀྱི་རྫུན་གཏམ་སྤེལ་བ།
ཟླ་འདིའི་ཚེས་༢༡ ་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཤོག་གྲངས་༧༡ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་རྣམས་ཡུན་རིང་གནས་སྡོད་བྱེད་སའི་གྲོང་གསེབ་ནས་ས་གནས་གཞན་ལ་གནས་སྤོ་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གི་འགོ་ཁྲིད་ཚོས་གནས་སྤོ་བྱས་ན་ལས་ཀ་རག་བདེ་བ་དང་ཡོང་འབབ་ཀྱང་མཐོ་རུ་འགྲོ་རྒྱུའི་རྫུན་གཏམ་སྤེལ་གྱི་ཡོད་པ། གནས་སྤོའི་ལས་གཞི་དེའི་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། འཚོ་བ་རོལ་སྟངས་སོགས་ལ་གཏོར་བཤིག་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཁག་ཅིག་བཀོད་འདུག

ཟླ་འདིའི་ཚེས་༢༡ ་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་གཞུང་གིས་གོ་རིམ་ལྡན་པ་དང་གནོན་ཤུགས་ཚད་ལས་བརྒལ་བ་སྤྲད་ནས་བཙན་ཤེད་ཀྱིས་བོད་མི་ཚོ་ཡུན་རིང་གནས་སྡོད་བྱེད་ས་ནས་ས་གནས་གཞན་དུ་གནས་སྤོ་བྱས་དང་བྱེད་མུས་ཡིན་པ་དང་། ཕྱི་ལོ་༢༠༡༦ ནས་བཟུང་བོད་རང་སྐྱོང་ལྗོངས་ཞེས་པའི་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཚོས་མི་གྲངས་༡༤༠༠༠༠ ལྷག་ཡོད་པའི་གྲོང་གསེབ་ལྔ་བརྒྱ་ཙམ་ས་གནས་གཞན་ལ་གནས་སྤོ་བྱས་དང་བྱེད་བཞིན་ཡོད་འདུག
རྒྱ་གཞུང་གིས་གྲོང་གསེབ་གནས་སྤོས་འཚོ་བ་ཡར་རྒྱས་གཏོང་རྒྱུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་རྫུན་བཤད་པ་དང་། གནས་སྤོ་བྱས་ཟིན་པ་རྣམས་རང་གནས་སུ་ལོག་རྒྱུ་ལ་བཀག་འགོག་ཆེད་གནས་སྤོ་བྱས་ནས་ལོ་ངོ་གཅིག་གི་ནང་ཚུད་དུ་ཤུལ་ལུས་ཁང་པ་སོགས་ངེས་པར་དུ་གཏོར་བཤིག་གཏོང་དགོས་པའི་བཀའ་གཏོང་གི་ཡོད་འདུག
ས་གནས་བོད་མི་ཚོས་གྲོང་གསེབ་གནས་སྤོ་ལ་མོས་མཐུན་མེད་པའི་སྐད་ཆ་བཤད་ཚེ། རྒྱ་གཞུང་གིས་ཁོང་ཚོ་ནི་དཀྲོག་གཏམ་སྤེལ་མཁན་རེད་ཅེས་སྐྱོན་འཛུགས་དང་མངོན་གསལ་དོད་པོས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་། མོས་མཐུན་མེད་མཁན་ཚོ་ལ་དྲག་གནོན་བྱེད་དགོས་པའི་བཀའ་ཡང་གཏོང་གི་ཡོད་འདུག
སྙན་ཐོ་དེ་ནི་རྒྱ་གཞུང་གིས་ཕྱི་ལོ་༢༠༡༦ ནས་༢༠༢༣ ་བར་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྤེལ་བའི་ཡིག་ཆ་ཆིག་སྟོང་ལྷག་ལ་ཞིབ་འཇུག་བྱས་ནས་བཏོན་ཡོད་པ་དང་། རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞི་བཞག་ན། རྒྱ་གཞུང་གི་ལས་བྱེད་པ་ཚོས་གནས་སྤོ་བྱས་ན་ཡོང་འབབ་དང་ལས་ཀའི་གོ་སྐབས་ཡག་ཏུ་འགྲོ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་། རྒྱ་གཞུང་གིས་ངོས་འཛིན་ཡོད་པའི་བོད་ནང་གི་ཉམས་ཞིབ་པ་ཚོས་གནས་སྤོ་བྱ་ཡུལ་དག་ནི་གྲོང་ཁྱེར་གྱི་ཉེ་འདབས་ཡིན་པ་དང་ས་གནས་དེ་དག་ལ་གནས་སྤོ་བ་ཚོའི་ཞིང་ལས་དང་འབྲོག་ལས་ཀྱི་ལག་རྩལ་ངོམ་ས་མེད་པས་བོད་མི་ཚོ་ལ་བརྟན་འཇགས་ཀྱི་ལས་ཀ་རག་གི་མེད་པ་གསལ་སྟོན་བྱས་ཡོད་འདུག ལྷག་པར་དུ་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སོགས། རྒྱ་ནག་དང་མཉམ་བསྲེ་བྱེད་རྒྱུའི་ལས་འཆར་གྱི་སློབ་གསོ་སྤེལ་བཞིན་པ་ལྟར། ཡུལ་མི་གནས་སྤོ་བྱས་པ་དེས་བོད་ཀྱི་རིག་གཞུང་དང་འཚོ་བ་སྐྱེལ་སྟངས་ལ་གཏོར་སྐྱོན་ཆེན་པོ་གཏོང་གི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
