རྒྱ་གཞུང་གིས་བོད་ནང་གི་དགོན་གྲོང་ཁག་ཏུ་ཉེན་རྟོག་པ་དང་དམག་གི་སྟོབས་ཤུགས་ཆེ་རུ་བཏང་ཡོད་འདུག
བཙན་བྱོལ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་ཟབ་རྒྱས་ཀྱི་སྲུང་བརྩི་ཞུས་ཡོད་ན་ཡང་། བོད་ནང་དུ་སྔར་བཞིན་དམ་དྲག་དང་ཛ་དྲག་ཆེན་པོའི་ངང་གནས་ཡོད་པ་དང་། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ནང་གི་དགོན་པ་ཁག་ཏུ་སྐོར་སྐྱོད་བྱས་ཤིང་། བོད་ནང་གི་གྲོང་བརྡལ་དང་གྲོང་ཁྱེར་བཅས་སུ་ཉེན་རྟོག་པ་དང་དམག་མིའི་སྟོབས་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིིའི་ཚེས་༡༡ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་༧གོང་ས་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་རམ། གོ་སྟོན་དང་འབྲེལ། བོད་ནང་གི་གནས་སྟངས་སྐོར་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་༧ པའི་ཚེས་༦ སྟེ། ༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན། རྒྱ་གཞུང་གི་ལས་བྱེད་མང་པོ་ཞིག་གིས་བོད་ཁུལ་གྱི་ས་གནས་དང་། དགོན་པ་ཁག་ལ་རྟོག་ཞིབ་ཏུ་བསྐྱོད་ཡོད་པ་དང་། གཞུང་འབྲེལ་གསར་ལམ་ཁག་གིས་ཀྱང་བྱ་སྤྱོད་འདི་དག་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། མི་མང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་མི་བྱེད་པའི་ཉེན་བརྡ་ནན་པོ་བཏང་ཡོད་པ་དང་། རྟོག་ཞིབ་བམ་སྐོར་སྐྱོད་བྱ་ཡུལ་གྱི་ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བ་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ཆགས་ཡོད་པ་དང་། དེ་བཞིན་བོད་ཀྱི་ས་ཁུལ་གཞན་ལའང་དེ་མཚུངས་ཀྱི་བྱ་སྤྱོད་སྤེལ་ཡོད་སྲིད་པར་བཀོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༧ པའི་ཚེས་༡ ནས་༦ བར། གཞུང་གི་དཔོན་རིགས་ཚོས་འབྲས་སྤུངས་དང་དགའ་ལྡན་དགོན་པ་དམིགས་འབེན་དུ་བཟུང་བ་གཙོས། ལྷ་ས་ཁུལ་གྱི་དགོན་སྡེ་ཡོངས་ལ་ཚོགས་འདུ་བསྐངས་ཏེ། ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་དགག་བྱའི་ཉེན་བརྡ་ནན་པོ་བཏང་ཡོད་འདུག
དེ་མཚུངས་དྲག་ཆས་དམག་མིས་ལྷ་སའི་ནང་བོད་མི་འདུས་སྡོད་ཆེ་བའི་གྲོང་ཁུལ་ཁག་ཏུ་ཉིན་མཚན་དབྱེར་མེད་དུ་སྐོར་གཡེང་དང་། ཐ་ན་ཟས་རིགས་སྐྱེལ་འདྲེན་པ་ཚོར་ཡང་བཙན་དབང་གིས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་བྱེད་སྒོ་ཁག་ལ་སོ་ལྟ་བྱེད་བཅུག་ཡོད་འདུག
གཞན་ཡང་། འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་དེར་བསྟུན་ནས། རྒྱ་གཞུང་གིས་ལྷ་ས་ཁུལ་དུ་དྲིལ་བསྒྲགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག། དཔེར་ན། ཟླ་༦ པའི་ཚེས་ ༣༠ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་དང་། རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཉིས་ཐུག་འཕྲད་བྱས་ཡོད་པ་དང་།
ཐུག་འཕྲད་སྐབས་ཝང་གིས་རྒྱལ་ཁབ་དང་དམར་ཤོག་ལ་དགའ་ཞེན་བྱེད་པའི་དར་ཆ་མཐོན་པོར་བསྒྲེང་གལ་ཆེ་བ་དང་། ཁ་གསལ་པོའི་སྒོ་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས་པ། དེ་བཞིན་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་འདུག
དེ་བཞིན་ཀན་ལྷོ་ཁུལ་གྱི་གཞུང་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༧ ཚེས་༥ ནས་བཟུང་། ཀན་ལྷོ་ཁུལ་གྱི་དམར་ཤོག་དྲུང་ཆེ་ཧོ་མའོ་པའོ་༼He Maobao༽ ཡིས་བླ་བྲང་དགོན་པ་དང་། གཏེར་ལུང་དགོན་པ། དེ་བཞིན་བསང་ཆུ་རྫོང་གི་ཀིརྟི་དགོན་པ་བཅས་སུ་སྐོར་སྐྱོད་བྱས་པ་སོགས་ཀན་ལྷོ་ཁུལ་གྱི་དཔོན་རིགས་ཚོས་ཀྱང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག
དེ་མཚུངས་ལི་ཐང་དང་ཉག་ཆུ་རྫོང་གཉིས་སུ་རྒྱ་གཞུང་གིས་ས་གནས་ཀྱི་འགོ་ཁྲིད་ཡོངས་རྫོགས་བསྐོངས་ཏེ། ཕྱི་ཟླ་༧ པའི་ཚེས་༦ དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གང་ཡང་མི་འབྱུང་བའི་སྔོན་འགོག་བྱེད་དགོས་པའི་བཀོད་ཁྱབ་ནན་པོ་བཏང་ཡོད་པ་སོགས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་དཔོན་རིགས་རྣམས་ཀྱིས་ཀྱང་དོགས་ཟོན་ཆེན་པོ་བྱས་ཡོད་འདུག
ཡིན་ཡང་རྒྱ་གཞུང་གིས་དམ་དྲག་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྔ་རྗེས་སུ། དྲྭ་ལམ་ཁག་ཏུ་༧སྐུའི་གོ་སྟོན་དང་འབྲེལ་བའི་འཚམས་འདྲི་དང་བསྟོད་གླུ་ཕུལ་བ་སོགས་རྣམ་པ་འདྲ་མིན་གྱིས་གོ་སྟོན་སྲུང་བརྩི་གནང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
