རྒྱ་གཞུང་གིས་བོད་ནང་དུ་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་བཙུགས་འདུག

རྒྱ་ནག་གཞུང་གིས་ལོ་ཤས་སྔོན་གྱི་འཆར་གཞི་ལྟར་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་གློག་གི་ནུས་རྒྱུའི་ཆེད་དུ་ཆུ་མཛོད་གསར་རྒྱག་བྱེད་རྒྱུའི་ལས་གཞི་དེ་ཉེ་ཆར་འགོ་བཙུགས་ཟིན་འདུག
ཕྱི་ཚེས་༢༠ ཉིན་(China Mirror)རྒྱ་ནག་མེ་ལོང་ཟེར་བ་དང་ཤིན་ཧཱ་(Xinhua)སོགས་རྒྱ་ནག་གཞུང་གི་གསར་ཁང་ཁག་གིས་གནས་ཚུལ་གསལ་ལ། ཟླ་བ་འདིའི་ཕྱི་ཚེས་༡༩ གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གི་སྲིད་བློན་ལི་ཆང་(Li Qiang)་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་ཕྱིན་ཏེ། བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དངོས་སུ་སྒོ་འབྱེད་ཀྱི་མཛད་སྒོ་འཚོགས་འདུག ཁོས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་གཞི་ཁྱོན་ཆེ་བ་དང་། དུས་ཡུན་རིང་བ། ཤུགས་རྐྱེན་ཟབ་པ་བཅས་ཡོད་པས། དུས་རབས་གསར་པའི་ལས་གྲྭ་ཞིག་རེད་ཅེས་བརྗོད་འདུག་ལ། ད་དུང་ཁོས་ཡུལ་མི་གནས་སྤོ་བཀོད་སྒྲིག་གི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱེད་དགོས་བརྗོད་ཀྱང་། དོན་དུ་ཆེད་མཁས་པ་ཚོས་ཐེངས་འདིའི་ལས་གཞིའི་ཁྲོད་ཡུལ་མིའི་འཚོ་བར་དོ་ཕོག་གཙོས་དཀའ་ངལ་དང་སྐྱེ་ཁམས་ལ་གཏོར་བརླག་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྗོད་ཡོད་པ་རེད། ལི་ཆང་གིས་ལས་གྲྭ་འགོ་འཛུགས་ཀྱི་ཁྱབ་བསྒྲགས་བྱས་རྗེས། ལས་གྲྭ་དངོས་སུ་འགོ་བཙུགས་ཡོད་འདུག བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་གསར་རྒྱག་བྱེད་འགོ་བཙུགས་པའི་ལས་འཆར་དེ་ལ་ཁྱོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༡་༢ ཀྱི་འགྲོ་གྲོན་གཏོང་རྒྱུ་ཡིན་འདུག་ཅིང་། ཐེངས་འདིའི་རྒྱ་ནག་གིས་བོད་ནང་དུ་ཆུ་མཛོད་འཛུགས་སྐྲུན་ལས་གཞི་དེ་ནི་རྒྱ་ནག་གི་ལོ་རྒྱུས་ནང་དུ་འགྲོ་གྲོན་མང་ཤོས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན་པར་བརྗོད་འདུག ལས་གཞི་དེའི་འགན་འཁུར་དང་འཛུགས་སྐྲུན་དངོས་སུ་བྱེད་མཁན་གཙོ་བོ་ནི་རྒྱ་ནག་གི་ཚོང་གཉེར་ཁང་ཀྲུང་འགོ་ཡར་ཀླུང་གཙང་པོ་ཚོགས་པ་(China Yajiang Group)ཟེར་བ་དེ་ཡིན་པར་བརྗོད་འདུག
རྒྱ་ནག་གཞུང་གིས་བོད་ནང་ཀོང་པོ་ཉིང་ཁྲིའི་ཁུལ་ནས་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་རྒྱུའི་གསལ་བསྒྲགས་བྱས་པའི་ཉིན་ནས། རྒྱ་དཀར་ནག་གཉིས་བར་ས་ཁམས་ཆབ་སྲིད་ཀྱི་གནས་དོན་སྐོར་གླེང་སློང་ཆེན་པོ་བྱེད་བཞིན་འདུག་ལ། དམིགས་བསལ་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དེ་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་ཨ་སམ་སོགས་བརྒྱུད་ནས་འགྲོ་ཡི་ཡོད་པ་དང་། རྒྱ་གར་གྱི་མི་མང་ས་ཡ་གཅིག་ཙམ་གྱི་ཞིང་ལས་གཙོས་པའི་འཚོ་བ་གཙང་པོ་དེ་ལ་རྟེན་ཡོད་ཅིང་། ས་ཁུལ་དེ་དག་གི་ནང་གཞུང་ལམ་དང་ཟམ་པ། སྡོད་ཁང་། ཞིང་ཁ་སོགས་འཛུགས་སྐྲུན་མང་པོ་ཞིག་གཙང་པོ་དེའི་བརྒྱུད་ལ་ཡོད་པའི་རྐྱེན་གྱིས་མ་འོངས་པར་ས་ཁུལ་དེ་དག་གི་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་མི་མང་ཚོའི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པའི་སྐོར་ས་ཁམས་ཆབ་སྲིད་ཐོག་མཁས་པ་ཚོས་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་བྱེད་པ་དེས་གཙང་པོའི་བརྒྱུད་ལ་ཡོད་པའི་མི་མང་དང་། ཆུ་མཛོད་གཤམ་དུ་ཡོད་པའི་མི་མང་ཚོའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག་ཀྱང་། གལ་སྲིད་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་ན། རྒྱ་ནག་གིས་ཆུ་མཛོད་ཀྱི་ཆུ་གློ་བུར་དུ་གློད་ཚེ་གཙང་པོའི་གཤམ་དུ་ཡོད་པའི་རྒྱ་གར་གྱི་མི་མང་གི་བདེ་འཇགས་དང་། འཛུགས་སྐྲུན་སོགས་ཡོད་ཚད་ཉེན་ཁའི་གནས་སུ་ལྷུང་རྒྱུ་ཡིན་པར་བརྟེན། རྒྱ་གར་གཞུང་གི་ངོས་ནས་ཉེན་ཁ་དེ་དག་འགོག་ཐབས་ཀྱི་ཆེད་དུ་ཨ་རུ་ན་ཅལ་ནང་ཆུ་མཛོད་ཅིག་གསར་རྒྱག་བྱེད་རྒྱུའི་འཆར་གཞི་ཡོད་འདུག

དེ་བཞིན་རྒྱ་ནག་རང་གི་ནང་དུ་ཡོད་པའི་ཁོར་ཡུག་ཐོག་ཏུ་ཆེད་མཁས་པ་ཚོས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་གསར་རྒྱག་འགོ་བཙུགས་ཟིན་པའི་ལས་གཞི་དེ་ལ་ཉེན་བརྡ་དང་། མ་འོངས་པར་ཆུ་མཛོད་གསར་རྒྱག་དེ་ལ་བརྟེན་ནས་ཆུ་མཛོད་གསར་རྒྱག་བྱེད་སའི་ས་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་དང་། ས་གནས་མི་མང་ཚོ་གནས་གཞན་དུ་སྤོ་དགོས་པའི་རྐྱེན་གྱིས་མི་མང་གི་འཚོ་བ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་སོགས་བརྗོད་འདུག་ལ། ས་ཁུལ་དེ་ནི་བོད་དང་རྒྱ་ནག་གཉིས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་ཡོད་པའི་ས་ཆ་ཆེ་ཤོས་གཅིག་དང་། རི་དྭགས་སྲོག་ཆགས་ཧ་ཅང་མང་པོ་ཡོད་པའི་གནས་ཤིག་ཡིན་པར་བརྗོད་འདུག བོད་ནང་དུ་རྒྱ་ནག་གཞུང་གིས་ད་བར་གསར་རྒྱག་ཟིན་པའི་ཆུ་མཛོད་རྣམས་ཀྱིས་རྒྱ་ནག་གི་ནུས་ཤུགས་ཐོན་ཁུངས་ཁྱོན་བརྒྱ་ཆ་༣༠ བཟོ་སྐྲུན་བྱེད་ཀྱི་ཡོད་འདུག་ཅིང་། དེ་དང་མཉམ་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་ནས་རང་བྱུང་གི་གཏེར་ཁ་གསེར་དང་། ཟངས་སོགས་ཀྱི་གཏེར་རིགས་འདྲ་མིན་མང་པོ་ཞིག་འདོན་གྱི་ཡོད་པ་རེད།

ཐེངས་འདིའི་རྒྱ་ནག་གི་ཆུ་མཛོད་ལས་གཞི་འགོ་བཙུགས་ཟིན་པ་དེ་ལ་བརྟེན་ནས་ས་གནས་ཀྱི་མི་མང་རྣམས་དང་། ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་ཕོག་རྒྱུ་ཡིན་པ། དཔེར་ན། ས་གནས་མི་མང་སྟོང་ཚོ་མང་པོ་གནས་གཞན་ལ་བཙན་གྱིས་སྤོ་འཇུག་རྒྱུ་ཡིན་འདུག་ལ། དེ་བཞིན་རྩ་ཐང་དང་ནགས་ཚལ། ཞིང་ཁ་དང་། གནས་རི་སོགས་རང་བྱུང་གི་ཁོར་ཡུག་མང་པོ་ཞིག་ཆུ་མཛོད་དེའི་ཆུ་ནང་དུ་ནུབ་པའམ། ཆུ་འོག་ཏུ་འཐིམ་རྒྱུ་ཡིན་འདུག་པས། ས་གནས་མི་མང་ཚོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་། གནས་རི་སོགས་ཡོད་ཚད་རྩ་མེད་འགྲོ་རྒྱུ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
