རྒྱ་གཞུང་གིས་བོད་མི་ཚོས་༧གོང་ས་མཆོག་མཇལ་བར་བཀག་སྡོམ་བྱེད་བཞིན་འདུག
ཞི་ཅིང་ཕིང་གི་སྲིད་དབང་འོག་ཏུ་ཡོད་པའི་བོད་པ་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་མི་དམངས་ས་ཡ་མང་པོ་ཕྱིར་བསྐྱོད་བྱེད་རྒྱུའི་ཐོག་ལ་བཀག་སྡོམ་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་(WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་དང་ཡུ་གུར་བ་ཚོ་ཕྱིར་སྐྱོར་བྱེད་རྒྱུ་ལ་བཀག་སྡོམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་ནང་ཞི་ཅིང་ཕིང་གྱི་སྲིད་དབང་འོག་མི་དམངས་ས་ཡ་མང་པོ་རྒྱ་ནག་ནས་ཕྱིར་སྐྱོད་ཐོག་བཀག་སྡོམ་བྱེད་བཞིན་ཡོད་ཅིང། སི་པན་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་(the Safeguard Defenders ) འགོག་སྲུང་བ་སྲུང་སྐྱོབ་བྱོས་ཞེས་ཚོགས་པས་བརྗོན་དོན་ལ་ཕྱིར་སྐྱོད་བཀག་སྡོམ་ཟེར་བ་དེ་བོད་མི་རྣམས་རྒྱ་གར་ལ་༧གོང་ས་མཆོག་མཇལ་དུ་མི་འགྲོ་བའི་ཆེད་བཀག་སྡོམ་བྱེད་བཞིན་ཡོད་པ་དང། ཕྱིར་སྐྱོད་བཀག་སྡོམ་གྱི་དམིགས་ས་གཙོ་བོ་ནི་ཁ་ཆེ་ཡུ་གུར་བ་དང་བོད་པའི་ནང་པ་རྣམས་ཡིན་ཞིང་ཁོང་ཚོ་ལ་སྡང་བཟུང་བྱེད་བཞིན་ཡོད་པ་ཚོགས་པ་དེ་ཡིས་བརྗོད་འདུག

ཚོགས་པ་དེ་ཡི་ཐེ་ཝན་སྐོར་ཉམས་ཞིབ་སྡེ་ཚན་གྱི་ཚོགས་གཙོ་དྷེ་ཎ་གྷ་ཌི་ནར་ (Dinah Gardner) ཡིས་བརྗོད་དོན་ལ། ཕྱིར་སྐྱོད་ཆོག་པའི་ལག་ཁྱེར་དགོས་པར་བརྟེན་ལོ་མང་པོ་རིང་ནས་བོད་པ་དང་ཡུ་གུར་བ་རྣམས་ལ་ལག་ཁྱེར་རག་རྒྱུ་ནི་ཡོང་མི་སྲིད་བ་ལྟར་བུ་གྱུར་ཡོད་རབས་གསུངས་འདུག
བོད་པ་ལ་ཕྱིར་སྐྱོད་ལག་ཁྱེར་བཀག་སྡོམ།
ཁོང་གིས་བརྗོད་དོན་ལ་འདས་པའི་ཕྱི་ལོ་༢༠༡༢ ནས་རྒྱ་གཞུང་གིས་དམིགས་སུ་བཀར་ནས་༧གོང་ས་མཆོག་མཇལ་རྒྱུ་ཆེད་དུ་འགྲོ་མཁན་བོད་པ་རྣམས་ལ་བཀག་སྡོམ་ཤུགས་ཆེ་བྱས་ཤིང། རྒྱ་གཞུང་ནས་བོད་པ་༧གོང་ས་མཆོག་ལ་དད་གུས་བྱེད་མཁན་དག་ནི་རྒྱ་ནག་པི་ཅིང་གཞུང་གི་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཁྱོག་བཤད་བྱེད་བཞིན་ཡོད་པའི་དམག་ཤོག་གཞུང་གི་དབང་ཆ་ལ་འགོག་རྐྱེན་བཟོ་མཁན་ཞིག་ལ་མཐོང་གིན་ཡོད་ཅིང། འདས་པའི་དུས་རབས་མང་པོ་རིང་ལ་བོད་དེ་རྒྱ་གར་གྱི་ཁྱིམ་མཚེས་ཡིན་པ་དང་། ད་ཆར་རྒྱ་དཀར་ནག་བར་ཀི་ལོ་མི་ཊ་༣༥༠༠ ཙམ་ས་འདྲེས་ཡོད་ཅིང། ས་འདྲེས་དེ་ཡང་བོད་རང་སྐྱོང་ལྫོངས་ཟེར་བའི་ས་དེ་དང་རྒྱ་གར་གྱི་ས་ཆ་ལ་དྭགས་དང། ཧི་མ་ཅལ་མངའ་སྡེ། སེ་ཀིམ། ཨ་རོ་ན་ཅལ་མངའ་སྡེ་བཅས་དང་ས་འདྲེས་ཡིན། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་མི་ལོ་བཞིའི་རྗེས་སུ་ཕྱི་༡༩༥༤ ལོར་ལྡི་ལི་གཞུང་ནས་རྒྱ་གཞུང་ལྷན་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོ་འཛིན་གྲོས་མཐུན་བཞག་ཡོད།
དེ་རྗེས་ཕྱི་༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་བྱུང་ནས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གཙོས་པའི་བོད་མི་མང་པོ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཡོད་པ་དང་། ད་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་གྱི་ས་ཁུལ་རྡ་རམ་ས་ལ་ལས་དོན་སྒྲུབ་བཞིན་པ་ཡིན། ཕྱིར་སྐྱོད་ལག་ཁྱེར་བཀག་སྡོམ་ཟེར་བ་ནི་པེ་ཅེང་གཞུང་གིས་བཙན་དབང་ཐོག་ནས་ལག་ཁྱེར་མ་སྤྲོད་པ་དང་གཞུང་བཞེས་གཏོང་བ་ལ་སོགས་བྱས་ནས་གྲངས་ཉུང་མི་རིགས་ཁག་ལ་པེ་ཅེང་གཞུང་གི་སྟངས་འཛིན་བྱེད་སྟངས་ཤིག་ཡིན་པ་གསུངས་འདུག
ཁོང་ཚོས་ཚོད་དཔག་བྱས་དོན་ལ་རྒྱ་ནག་མི་དམངས་སྟོང་ཕྲག་མང་པོ་དུས་ཚོད་ངེས་མེད་ལ་བཀག་སྡོམ་བྱེད་བཞིན་ཡོད་པ་དང། ཕྱི་ལོ་༢༠༢༢ ་ནང་ཤེས་རྟོགས་བྱུང་བ་ཞིག་ལ་ཕྱི་ལོ་༡༩༩༥་-༢༠༡༩ ་བར་རྒྱ་རིགས་མ་ཡིན་པའི་ཕྱི་རྒྱལ་བ་ཁྱོན་མི་གྲངས་༡༢༨ རྒྱ་ནག་ནས་ཕྱིར་མ་བཏང་པ་བཀག་སྡོམ་བྱས་པའི་རྩོད་རྙོག་བྱུང་ཞིང་། དེ་དག་གི་ནང་ཨ་རི་བ་མི་གྲངས་༢༩ ་དང་ཁེ་ན་ཊའི་མི་གྲངས་༤༤ ་ལ་སོགས་ཡོད་པ་ཤེས་རྟོགས་བྱུང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཁག་གིས་བརྗོད་དོན་ལ། ཕྱི་ལོ་༢༠༡༥ ་ནང་རྒྱ་ནག་ཁྱོན་ཡོངས་ནང་མི་གྲངས་ས་ཡ་༡༤ ་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་ཚུལ་བརྗོད་འདུག
རྒྱ་ནག་གིས་གྲངས་ཉུང་མི་རིགས་དག་གང་འདྲ་བྱས་ནས་ཕྱིར་སྐྱོད་བཀག་སྡོམ་བྱེད་བཞིན་ཡོད་དམ།
ཕྱི་ལོ་༢༠༠༢ ་ནས་བཟུང་རྒྱ་ནག་ནང་ལག་ཁྱེར་དོ་དམ་འགྲོ་ལུགས་གཉིས་བཟོས་ཡོད་འདུག ལག་ཁྱེར་དོ་དམ་འགྲོ་ལུགས་མགྱོགས་པ་དེ་རྒྱ་རིགས་ཧན་མི་རིགས་གནད་སྡོད་ཁུལ་ལ་བེད་སྤྱོད་མང་བ་གཏོང་གིན་ཡོད་ཅིང། ལག་ཁྱེར་དེ་བཟོ་ཆེད་སྙན་ཞུ་འབུལ་དགོས་པ་དང་ཉིན་གྲངས་༡༥ ་ནང་ཁུལ་ལ་དུས་ཡུན་ཕྱིར་འགྱངས་བྱེད་པ་དང་གསར་བཟོ་བྱེད་ཀྱི་ཡོད་འདུག། འོན་ཀྱང། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དང་ཡུ་གུར་བ་གནས་སྡོད་བྱེད་ཡུལ་ཡུ་གུར་བ་གཉིས་ནང་ལག་ཁྱེར་དོ་དམ་འགྲོ་ལུགས་དེ་འགྲོ་ལུགས་གཞན་པ་ལས་དལ་ཞིང་དུས་ཚོད་ཡུལ་རིང་འགོར་གྱི་ཡོད་པ་ཞིག་ནས་བཟོ་དགོས་པ་དང། ལག་ཁྱེར་བཟོ་དུས་ཉུང་མཐའ་ལ་སྡེ་ཚན་བདུན་ཙམ་ཞིག་བརྒྱུད་ནས་འགྲོ་དགོས་ཡོད་ཚུལ་བརྗོད། དེ་ལྟ་བུའི་བརྒྱུད་རིང་མང་པོ་ཞིག་བརྒྱུད་ནས་འགྲོ་དགོས་པར་བརྟེན། སྙན་ཞུ་ཕུལ་ནས་ལག་ཁྱེར་རག་ཀྱང་ཉུང་མཐའ་ལོ་གཅིག་ཙམ་འགོར་གྱི་ཡོད་འདུག
རྒྱ་གཞུང་གིས་བོད་པ་དང་ཡུ་གུར་མི་རིགས་བཀག་སྡོམ་བྱེད་དགོས་དོན་ཅི་ཡིན་ནམ།
ཚོགས་པ་དེ་བརྗོད་དོན་ལ་དེ་ལྟ་བུའི་དབྱེ་འབྱེད་རང་བཞིན་གྱི་ཁྲིམས་ཤིག་ལག་བསྟར་བྱེད་དགོས་དོན་གཙོ་བོ་ནི་ཆོས་ལུགས་ཀྱི་གནད་དོན་ལ་ཐུག་ཡོད་ཅིང། དཔེར་ན། བོད་པ་ནང་པ་རྣམས་རྒྱ་གར་ནང་༧གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུ་འགོག་ཐབས་དང། ཡུ་གུར་དང་ཧི་(Hui) ཡི་མི་རིགས་རྣམས་སོ་དི་ཨ་རབ་བྷི་ཡ་ནང་ཡོད་པའི་མེ་ཁོའུ་ལ་གནས་མཇལ་འགྲོ་རྒྱུ་བཀག་སྡོམ་བྱེད་ཆེད་ཡིན་ཚུལ་གསུངས་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།