རྒྱ་གཞུང་གིས་མགོ་ལོག་དར་ལག་ནས་བོད་མི་བརྒྱད་འཛིན་བཟུང་བྱས་འདུག

ཕྱི་ཟླ་༡༠ ཚེས་ ༢༠ ཉིན་མགོ་ལོག་དར་ལག་རྫོང་གི་ཉེན་རྟོག་ཁང་གིས་བོད་མི་བརྒྱད་ཀྱི་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་སྐོར་གྱི་བརྡ་ཁྱབ་ཟེར་བ་ཞིག ཉེན་རྟོག་ཁང་གི་བརྒྱུད་ལམ་དུ་བཏང་འདུག་ལ། དེའི་ནང་ཉེ་དུས་དར་ལག་རྫོང་སྤྱི་བདེ་ཅུས་ཀྱིས་བོད་མི་མགོན་རྣམ་དང་།མགོན་ཚེ་སོགས་ཀྱིས་བསྙད་བརྐོ་ཟིང་སློང་དང་བསྙད་འདོགས་རྒྱུ་འཕྲོག་དང་། ཆོས་ལུགས་ལ་ཁ་གཡར་བ་དང་རུས་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ། འཇིགས་མེད་བསྟན་འཛིན་དང་དཔལ་ལྡན།བློ་ཆོས། རྣམ་རྒྱལ།ནོར་སྡེས།སྐལ་བཟང་སོགས་རྩ་འཛུགས་ཐེངས་མང་བྱས་ཏེ་ས་གནས་དེའི་མང་ཚོགས་ཀྱི་ཐོན་སྐྱེད། རྒྱུན་ལྡན་གྱི་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཐེབས་ཡོད་ཚུལ་སོགས་བརྗོད་དེ། ཁོང་ཚོར་འཇུ་བཟུང་བྱས་ཡོད་ཚུལ་དང་། ཉེས་གསོག་ཚོགས་པའི་དེའི་ཁྲིམས་འགལ་ནག་ཉེས་ཀྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱེད་བཞིན་ཡོད་སྐོར། དེ་བཞིན་གནས་ཚུལ་ཐེར་འཐོན་བྱེད་མཁན་ཡོད་ན་དེའི་བདེ་འཇགས་འགན་སྲུང་ཐོག་དར་ལག་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་ཡིན་པར་བརྗོད་པ་མ་ཟད། གོང་གི་མི་དེ་དག་ལ་འགེབས་སྲུང་དང་རོགས་རམ། གནས་ཚུལ་ལྐོག་བཤད། བདེན་དཔང་སྦས་གསང་བྱེད་མཁན་སོགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག སྤྱིར་འདས་པའི་ལོ་ཤས་སྔོན་ནས་མགོ་ལོག་ཁུལ་དུ་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་སོགས་སློབ་གྲྭ་བདུན་ཙམ་སྒོ་བརྒྱབས་པ་དང་། གཞན་ཡང་དྲྭ་ལམ་སོགས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གཉེར་མཁན་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག མགོ་ལོག་དར་ལག་རྫོང་རྒྱུད་སྨད་ཡུལ་ཚོ་ནས་ཡིན་པའི་བོད་མི་དེ་དག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཙམ་ལས། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ཇི་ཡིན་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།
