རྒྱ་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་བཏོན་འདུག

རྒྱ་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟེར་བ་རྒྱབ་ཤ་དཀར་པོའི་དེབ་གཅིག་ཁྱབ་བསྒྲགས་བྱས་འདུག

ཕྱི་ཟླ་༡༡ ཚེས་༡༠ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ།

རྒྱ་ནག་གཞུང་གིས་དེ་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ཟེར་བས་རྒྱབ་ཤ་དཀར་པོའི་དེབ《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཁྱབ་བསྒྲགས་བྱས་འདུག་པ་དང་། དེབ་དེར་སྔོན་འགྲོ་དང་མཇུག་བསྡུའི་གཏམ་ཕུད་པའི་དོན་ཚན་དྲུག་ཡོད་འདུག་ལ། 

  དེབ་ཀྱི་ནང་དོན་དུ།  “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་”ཟེར་བས་“མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་དུལ། རིག་གནས་བྱ་གཞག་དར་ཞིང་རྒྱས་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་སོང་བ། མཐའ་མཚམས་སྲ་བརྟན་དང་བདེ་འཇགས། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་སོང་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད་ཚུལ།” དེ་བཞིན་“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཐམས་ཅད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་མངོན་པ་དང་། གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་མངོན་པ” སོགས་བཀོད་འདུག དེབ་དེའི་དོན་ཚན་ཁག་གི་སྤྱི་བསྡོམས་ལ་ལྟ་དུས། སྤྱི་ཡོངས་ནས་ཏང་གི་སྣེ་ཁྲིད་འོག་བོད་དུ་ཁོར་ཡུག་དང་ཚན་རྩལ། དམངས་དང་ལས་བྱེད་དབར་འཆམ་མཐུན། ཆོས་ལུགས་ཡར་སྐུལ། སྐད་ཡིག་སློབ་གསོ། སློབ་སྦྱོང་། དཔལ་འབྱོར་ཡར་རྒྱས། དགོན་སྡེ་གྲངས་མང་།  ཁོར་ཡུག འགྲིམ་འགྲུལ། སྨན་ཁང་། བདེ་འཇགས་སོགས་ཚང་མ་ཡག་རབས་དགེ་རབས་རྐྱང་རྐྱང་གི་འཁྱོག་བརྗོད་ལས་གྲུབ་པ་ཞིག་རེད་འདུག བཙན་བྱོལ་ནང་དང་བོད་དོན་རྒྱབ་སྐྱོར་བས་མཚོན་པའི་ཕྱིའི་རྒྱལ་ཁབ་ཁག་གིས་བོད་ཀྱི་གནས་སྟངས་དངོས་ཐེར་འདོན་བྱས་པའི་ལན་འདེབས་དང་དྲིལ་བསྒྲགས་ལྟ་བུ་ཞིག་ཡིན་པ་འདུག དེབ་དེ་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ཡོད་འདུག་པ་བཞིན་དབྱིན་ཡིག་ཐོག་xizang ཟེར་བའི་ཐ་སྐད་དེ་བཀོལ་སྤྱོད་བྱས་འདུག

དེ་རིང་ཕྱི་དྲོར་གསར་འགོད་པ་རྣམས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བཅར་འདྲི་ཞུ་སྐབས། ཁོང་གིས། བོད་དང་རྒྱ་གར་བར་ཆུ་ཚོད་ཀྱི་ཁྱད་པར་མ་གཏོགས་ང་ཚོ་འདིར་ཚོགས་འདུ་འཚོགས་རྒྱུ་དང་ཕ་གིར་ཤོག་བུ་དཀར་པོ་བཏོན་པའི་དུས་ཚོད་ཉེ་བོ་ཆགས་ཡོད་དུས་ནང་དོན་ག་རེ་ཡོད་མེད་ད་ལྟ་བལྟ་རྒྱུ་བྱུང་མ་སོང་། དེ་འདྲ་ཞིག་འདོན་གི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་རེད། བཏོན་པའི་ནང་དོན་དེ་ཡང་། ད་ལྟ་བར་དུ་ཁོ་རང་ཚོས་བཤད་བཞག་པ་དེ་ཕྱོགས་བསྒྲིགས་བྱས་ནས་སྲིད་ཇུས་ཀྱི་ངོ་བོའི་ཐོག་ནས་མི་རབས་གསར་པ་ཟེར་དུས་སྲིད་འཛིན་ཞི་ཅིན་ཕིང་སྐབས་གསུམ་པའི་དུས་ཡུན་ནས་བརྩི་གི་ཡོད་ཀྱང་རེད། ཞི་ཅིན་ཕིང་དུས་ཡུན་ནས་ཏང་གིས་བོད་ཁྱོན་ཡོངས་ཀྱི་ལས་དོན་ལ་སྲིད་ཇུས་གང་འདྲ་འཛིན་གྱི་ཡོད་མེད་དེའི་ཐོག་ནས་བཤད་ཀྱི་ཡོད་པ་ལས། དེ་ཚོ་མང་ཆེ་བ་ད་ལྟ་གཏན་འབེབས་བྱས་བཞག་པའི་སྲིད་ཇུས་མ་གཏོགས་ཤོག་བུ་དཀར་པོ་བརྒྱུད་ནས་སྲིད་ཇུས་གསར་པ་འདྲ་བོ་བཏོན་ཡོད་བསམ་པ་དྲན་གྱི་མི་འདུག སྤྱི་ཚོགས་ལ་ཕན་གྱི་ཡོད་རབས་དང་བོད་མི་རིགས་ལ་ཕན་གྱི་ཡོད་རབས་དེ་ཚོ་བཤད་ཀྱི་རེད། ཤོག་བུ་དཀར་པོ་ག་ཚོད་བཏོན་ནའང་མ་བཏོན་ནས་དོན་དག་དངོས་གནས་དེ། བོད་ནང་གི་བོད་མི་དེ་དག་གི་སེམས་ནང་གི་ཚོར་བ་དངོས་གནས་དེ་སྐྱིད་པོ་ཡོད་དང་མེད། འཚོ་བའི་ཐོག་ཏོག་ཙམ་ཡར་རྒྱས་ཕྱིན་ཡང་དེ་ཙམ་གྱིས་འགྲིག་གི་ཡོད་མ་རེད་ཟེར་བའི་དྲི་བ་དེ་ལ་གཏུག་ཡོང་གི་ཡོད་རེད། རྒྱ་ནག་གཞུང་གིས་བསམ་མནོ་ག་རེ་བཏང་བ་དང་དཀའ་རྙོག་ག་རེ་ཡིན་ཡང་དེ་གསལ་རྒྱུའི་ཆེད་དུ་འཛུགས་སྐྲུན་ཞིག་བྱས་བཞག་ན། དེས་གསལ་འགྲོ་རེད་བསམ་ཡ་དེ་གཅིག་པུས་འདང་གི་མེད་པ་རེད། མི་རིགས་སོ་སོའི་ངོ་བོ་གཅེས་འཛིན་བྱེད་རྒྱུའི་སྤོབས་པ་དང་ལ་རྒྱ་ཚང་མ་ལ་ཡོད་རེད་མ་གཏོགས། དེ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱས་པ་འདྲ་བོ། ད་ལྟ་བྱེད་སྟངས་ཚང་མ་དེ་མེད་པ་བཟོ་ཐབས་བྱེད་ཀྱི་འདུག
དེ་ཚོའི་གྲས་ག་ཚོད་ཙམ་མང་བ་བྱས་ཀྱང་དེ་ཙམ་གྱིས་ཚུར་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཡོད་པ་དང་། འཛམ་བུ་གླིང་ཁྱོན་ཡོངས་ཀྱིས་རིག་གཞུང་མི་འདྲ་བ་མཉམ་བསྲེས་བྱས་ཏེ་མཉམ་གནས་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་རེད། རྒྱ་ནག་གཞུང་གིས་རིག་གཞུང་མི་འདྲ་བ་ཚང་མ་མེད་པ་བཟོས་ཏེ་གཅིག་རང་ལ་སྒྱུར་གྱི་ཡིན་ཟེར་བའི་སྲིད་ཇུས་དེ་འཛམ་བུ་གླིང་དང་ཁ་ཕྱོགས་ལྡོག་ཅིང་འགྲོ་སྡོད་ཀྱི་ཡོད་རེད། དེ་ཚོ་ལམ་ལྷོང་ཡོང་ཐུབ་ཀྱི་མ་རེད། ད་ལྟ་ང་ཚོར་ཁ་ཚ་དགོས་གཏུག་གིས་དཀའ་ངལ་འཕྲད་པ་དེ་བོད་ནང་གི་བོད་མི་ཚོས་སྙིང་སྟོབས་ཆེན་པོས་གདོང་ལེན་གནང་གི་ཡོད་རེད། ང་ཚོས་འདི་ནས་ཡིན་ཡང་སོ་སོའི་ནུས་པ་དང་འཇོན་ཐང་། མཐུན་རྐྱེན་ལ་དཔག་པས་ག་ཚོད་ཐུབ་ཐུབ་གཅིག་རྒྱལ་བ་རིན་པོ་ཆེའི་བཀའ་གཞིར་བཟུང་བྱས་ནས་ལས་དོན་བསྒྲུབ་ཡ་ལ་འབད་བརྩོན་ཞུ་གི་ཡོད། ཡང་ཕྲ་ལ་ཕྲན་བུ་ཏོག་ཙམ་ཡོང་གི་ཡོད་རེད། དེ་བཞིན་ཤོག་བུ་དཀར་པོ་ཡང་ང་ཚོས་ལྟ་གི་ཡིན། ལན་འདེབས་ག་འདྲ་བཟོ་དགོས་ཀྱི་ཡོད་མེད་ང་ཚོས་བལྟ་ཆོག་གི་རེད། དོན་དག་གི་སྒང་ལ་ཟབ་པ་དེ་འདྲ་ཡོད་རེད་དྲན་གྱི་མི་འདུག ད་ལྟ་ཡིན་ཡང་མུ་མཐུད་ནས་བོད་མི་རིགས་ཀྱི་ངོ་བོ་དེ་རྩ་མེད་གང་འདྲ་གཏོང་དགོས་འདུག དེ་འདྲའི་སྲིད་ཇུས་རྐྱང་རྐྱང་སྒང་ལ་ཨུ་ཚུགས་བརྒྱབ་བསྡད་པ་མ་གཏོགས། ལྷོད་ཡངས་འགྲོ་རྒྱུ་དང་མི་རིགས་ལ་བསམ་ཤེས་བྱས་ཤིང་། དེའི་ངོ་བོ་སྲུང་སྐྱོབ་བྱེད་ཡ་ལ་འབད་བརྩོན་བྱེད་དགོས་ཟེར་བསམ་བསམ་འདྲ་ཞིག་ད་ལྟའི་སྲིད་འཛིན་དེའི་འོག་ལ་ཁག་པོ་ཡིན་པའི་གནས་སྟངས་མཐོང་གི་འདུག་ཅེས་ལན་གནང་སོང་།


གསར་འགོད་པ། བསྟན་འཛིན་ལམ་བཟང་།