རྒྱ་གཞུང་གིས་སྟོད་དིང་རིའི་ལྷ་གདོང་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག

བོད་ནང་གི་སྟོད་དིང་རི་རྫོང་གད་དམར་ཡུལ་ཚོ་ནུབ་ལུང་གྲོང་སྡེའི་ཤྭ་རི་དཔལ་གྱི་ལྷ་གདོང་དགོན་གྱི་དགེ་འདུན་པ་འབྲུག་རྒྱལ་ལགས་༧གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ནང་ལྷ་གདོང་དགོན་པའི་དགེ་འདུན་པ་ཚོས་ཞབས་བརྟན་སྒྲུབ་བཞིན་པའི་སྐབས་སུ་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་སྔོག་བཤེར་བྱས་པ་བརྒྱུད། དགོན་པའི་ནང་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་མིང་བཙུགས་ཏེ་དགོན་པའི་དོ་དམ་དང་གཟིགས་སྐྱོང་གནང་མཁན་དགེ་འདུན་པ་འབྲུག་རྒྱལ་ལགས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ས་གནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་ཡིན་འདུག དེའི་རྗེས་སུ་དགོན་པའི་གྲྭ་ཤག་ནང་སྔོག་བཤེར་བྱས་ཐོག་དགེ་འདུན་པ་གཞན་ཁག་ཅིག་འཛིན་བཟུང་བཀག་ཉར་དང་དྲི་རྩད་བྱས་ཏེ་གློད་ཡོད་འདུག དེ་བཞིན་དགེ་འདུན་པ་གཞན་ཞིག་སྐབས་དེར་འདས་གྲོངས་སུ་ཕྱིན་ཡོད་འདུག་ཀྱང་། ཁོང་གྲོངས་རྐྱེན་ཉེན་རྟོག་པས་བརྡུངས་པ་དང་འཇིགས་སྣང་གིས་གྲོངས་པ་གང་ཡིན་ས་གནས་སུ་རྒྱ་གཞུང་གི་ལྟ་སྲུང་དམ་པས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
