རྒྱ་གར་གཞུང་གིས་བོད་པའི་རིག་གཞུང་ལྟེ་གནས་ཁག་འགའ་ལ་རོགས་དངུལ་ཕྱེད་བཅག་བྱས་འདུག

ཉེ་ཆར་རྒྱ་གར་གྱིས་ཕྱི་ལོ་༢༠༢༤ ལོའི་གྲོས་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་ཚོགས་འགོ་བཙུགས་ཡོད་པ་དང་། སྔོན་རྩིས་གྲོས་ཚོགས་སྐབས་སུ་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་པའི་རིག་གཞུང་ལྟེ་གནས་ཁག་འགའ་ཤས་ལ་རོགས་དངུལ་ཕྱེད་བཅག་བྱས་ཡོད་འདུག

ཕྱི་ཚེས་༧ ་ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཅེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་༢༠༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་འགོ་བཙུགས་ཡོད་པ་དང་། སྔོན་རྩིས་གྲོས་ཚོགས་སྐབས་སུ་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིའི་རིག་གཞུང་ལྟེ་གནས་ཁག་འགའ་ཤས་ལ་རོགས་དངུལ་ཕྱེད་བཅག་བྱས་ཡོད་འདུག་པ་དང་།  དུས་རྒྱུན་ལོ་གཅིག་གི་ནང་ས་ཡ་༥༠༠ ་གནང་གི་ཡོད་ཀྱང་། ད་ལོ་ནས་ས་ཡ་༢༠༡་༩ ་ལས་གནང་རྒྱུ་མེད་པ་རེད་འདུག རོགས་དངུལ་ཕྱེད་བཅག་བྱས་ཡོད་པའི་ཁོངས་སུ་ལྡི་ལི་བོད་ཁང་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། རྟ་དབང་དགོན་པ། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་། དེ་བཞིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་(International Buddhist Confederation )དང་(GRL Monastic School Bomdila) ་གཞན་ཡང་ནང་པའི་རིག་གཞུང་ལྟེ་གནས་ཁང་འགའ་ཤས་ཀྱི་རོགས་དངུལ་ཡང་ཕྱེད་བཅག་བྱས་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(MP Sujeet Kumar) ་ལགས་བཅར་འདྲི་ཞིག་བྱེད་སྐབས། ཁོང་གིས། སྟབས་མ་ལེགས་པ་ཞིག་ལ་གནད་དོན་དེ་འདྲ་ཞིག་བྱུང་འདུག བློ་ཕམ་ཡོད། རྒྱུ་མཚན་ནི་བོད་ནང་རྒྱ་ནག་གིས་བོད་པའི་རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་པ་རེད་། དམིགས་བསལ་ལྡི་ལི་བོད་ཁང་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་། རྒྱ་གར་དབུས་གཞུང་ནས་རོགས་དངུལ་མུ་མཐུད་ནས་གནང་རྒྱུ་རེ་བ་རྒྱག་གི་ཡོད་ཅེས་བརྗོད་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།