རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་བྱེ་བ་༤༠ ཡི་རོགས་དངུལ་མུ་མཐུད་གནང་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་གྱི་འགྲོ་སོང་ཆེད་དུ། རྒྱ་གར་དབུས་གཞུང་གིས་ལོ་ལྔའི་རིང་ཧིན་སྒོར་བྱེ་བ་༤༠ ཡི་རོགས་དངུལ་གནང་རྒྱུ་གཏན་འཁེལ་ཡིན་སྐོར་བརྗོད་འདུག 

དེ་ཡང་ཟླ་༤ པའི་ཚེས་༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་དུ་། ཨོ་རི་སའི་སྲིད་དོན་ཚོགས་པ་བྷི་ཇུ་མི་མང་སྲིད་དོན་ཚོགས་པའི་(Biju Janta Dal) གྲོས་ཚོགས་འཐུས་མི་སཱུ་ཇེཏ་ཀུ་མར་(Sujeet Kumar) གྱིས་འདས་པའི་ལོ་ལྔའི་ནང་དབུས་བོད་མིའི་ངལ་སེལ་ཚོགས་པར་(Central Tibetan Relief Committee) རོགས་དངུལ་བྱེ་བ་༤༠ སྤྲད་པའི་ཐོག་ཞིབ་ཕྲའི་གནས་ཚུལ་དང་། འབྱུང་འགྱུར་གྱི་ལོ་ལྔའི་ནང་རོགས་དངུལ་དེ་མུ་མཐུད་ནས་སྤྲོད་འཆར་ཡོད་མེད་སྐོར་དྲིས་འདུག 

རྗེས་སུ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་ཏུ་ལན་འདེབས་གནང་ཡོད་འདུག་པ་དང་། དེའི་ནང་རྒྱ་གར་གྱི་མངའ་སྡེ་དང་དབུས་ཀྱི་འཛིན་སྐྱོང་འོག་ས་ཁུལ་ཁག་༡༢ ནང་དུ་ཡོད་པའི་དབུས་བོད་མིའི་ངལ་སེལ་ཚོགས་པའི་ས་གནས་ལས་ཁུངས་ཁག་གི་འཛིན་སྐྱོང་དང་སྐྱབས་བཅོལ་བོད་མི་རྣམས་ཀྱི་སྤྱི་ཚོགས་བདེ་དོན་གྱི་ལས་དོན་ཁག་གི་འགྲོ་སོང་ཆེད་དུ། རྩིས་ལོ་༢༠༡༦- ༢༠༡༧ ནས་༢༠༢༠-༢༠༢༡ བར་ལོ་རེར་ཧིན་སྒོར་བྱེ་བ་༨ རེ་རོགས་དངུལ་སྤྲད་ནས། ཁྱོན་བསྡོམས་བྱེ་བ་༤༠ སྤྲད་ཡོད་པ་དང་། དེ་བཞིན་འབྱུང་འགྱུར་གྱི་རྩིས་ལོ་ལྔའི་ནང་མུ་མཐུད་ནས་རོགས་དངུལ་བྱེ་བ་༤༠ གནང་རྒྱུའི་འཆར་གཞི་ཡོད་པ་ལྟར། རྩིས་ལོ་༢༠༢༡-༢༠༢༢ ཡི་ཆེད་དུ་ཧིན་སྒོར་བྱེ་བ་༨ དབུས་བོད་མིའི་ངལ་སེལ་ཚོགས་པར་སྤྲད་ཟིན་པའི་ལན་འདེབས་གནང་འདུག དེ་བཞིན་ལན་འདེབས་ནང་དུ་ཕྱི་ལོ་༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལ་འབྲེལ་ཡོད་མངའ་སྡེ་དང་དབུས་ལས་ཁུངས་ཁག་དང་གོ་སྡུར་བྱས་ཏེ་བསྐྱར་ཞིབ་བྱས་ཡོད་སྐོར་བརྗོད་འདུག 

དབུས་བོད་མིའི་ངལ་སེལ་ཚོགས་པ་ཞེས་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དེབ་སྐྱེལ་བྱས་པའི་ཚོགས་པའི་མིང་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།