རྒྱ་གར་གཞུང་གིས་རྒྱ་ནག་གི་མི་སེར་ཚོར་རྒྱ་གར་ནང་ཡོང་རྒྱུའི་ཐོངས་མཆན་སྤྲོད་འགོ་བཙུགས་འདུག 

ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་སུ་གདོང་ཐུག་ཤོར་ནས་མི་གསོད་ཀྱི་དོན་རྐྱེན་ཆེན་པོ་བྱུང་ཡོད་པ་དང་། ཏོག་དབྱིབས་ནད་དུག་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་དབང་གིས་རྒྱ་གར་གཞུང་གིས་རྒྱ་ནག་གི་མི་སེར་རྒྱ་གར་ནང་ཡོང་རྒྱུའི་ཐོངས་མཆན་སྤྲོད་མཚམས་བཞག་ཡོད་པ་རེད། འོན་ཀྱང་། ཉེ་ཆར་ལོ་ལྔའི་རྗེས་སུ་ཐོངས་མཆན་སྤྲོད་རྒྱུའི་འགོ་འཛུགས་བྱས་འདུག 

ཕྱི་ཚེས་༢༣ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་དོན་ལ། རྒྱ་དཀར་ནག་གཉིས་བར་འདས་པའི་ལོ་ལྔ་ཙམ་གྱི་རིང་ཕྱི་འབྲེལ་ཐད་དཀའ་ངལ་ཆེན་པོ་བྱུང་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༢༠༢༠ ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་བར་གདོང་ཐུག་ཤོར་ནས་ཕྱོགས་གཉིས་ཀྱི་དམག་མི་ཤི་རྨས་ཕོན་ཆེན་པོ་བྱུང་ཡོད་ཅིང་། དེ་བཞིན་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱལ་གདལ་ཕྱིན་ནས་གོ་ལའི་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་སྤྲད་ཡོད་པར་བརྟེན། རྒྱ་གར་གཞུང་ནས་རྒྱ་མི་རྒྱ་གར་ནང་ཡུལ་སྐོར་སྤྲོ་འཁྱམ་ཡོང་རྒྱུར་བཀག་འགོག་ཆེད་དུ་ཐོངས་མཆན་སྤྲོད་རྒྱུའི་མཚམས་བཞག་ཡོད་ཀྱང་། མི་ལོ་ལྔའི་རྗེས་ཏེ་ད་ཆར་རྒྱ་དཀར་ནག་གཉིས་བར་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་མཚམས་སུ། རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གིས་རྒྱ་མི་ཚོ་ལ་རྒྱ་གར་ནང་ཡུལ་སྐོར་སྤྲོ་འཁྱམ་འགྲོ་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་འདུག དེ་ཡང་ཁ་སང་ཕྱི་ཚེས་༢༤ ཉིན་འགོ་བཙུགས་ནས་ཐོངས་མཆན་སྤྲོད་འགོ་བཙུགས་ཡོད་འདུག་ཅིང་།
ཐོངས་མཆན་ཞུ་དུས་དང་པོ་དྲྭ་ཐོག་ནས་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག་ལ། དེ་རྗེས་ཐོངས་མཆན་ཞུ་མཁན་དོ་དག་རང་ཉིད་དངོས་སུ་རྒྱ་ནག་གི་གྲོང་ཁྱེར་(Beijing)པེ་ཅིན་དང་(Shanghai)་ཧྲང་ཧའེ། (Guangzhou)ཀོང་ཀྲོའུ་བཅས་སུ་ཡོད་པའི་རྒྱ་གར་གྱི་ཐོངས་མཆན་ལྟེ་གནས་ཁག་ལ་དངོས་སུ་ཕྱིན་ནས་ཕྱིར་སྐྱོད་ལག་ཁྱེར་དང་། གཞན་དགོས་ངེས་ཡིག་ཆ་རྣམས་སྤྲོད་དགོས་པར་བརྗོད་འདུག པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གར་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲོད་འགོ་བཙུགས་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་དང་། དེ་ཡང་རྒྱལ་ཁབ་གཉིས་ཀའི་མངོན་འདོད་ཆེད་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པར་བརྗོད་འདུག ད་དུང་རྒྱ་ནག་ཕྱོགས་ནས་རྒྱ་གར་དང་ལྷན་དུ་མུ་མཐུད་ནས་གྲོས་མོལ་བྱས་ནས་མི་མང་དང་མི་མང་བར་འབྲེལ་ལམ་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་པར་བརྗོད་འདུག
འདི་ལོའི་ཕྱི་ཟླ་༥ པའི་ནང་རྒྱ་གར་གྱི་ཚོང་དོན་གསར་ཁང་ཟེར་བ་དེ་ཡིས་རྒྱ་གར་གྱི་ངོས་ནས་རྒྱ་མིའི་ཐོངས་མཆན་ཐོག་དམ་དྲག་བྱེད་རྒྱུ་ཡིན་པ་དང་། དམིགས་བསལ་ཚོང་དོན་ཆེད་དུ་འགྲུལ་བཞུད་བྱེད་མཁན་དག་ལ་དམ་པོ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཅིང་། རྒྱུ་མཚན་ནི་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྒོ་ཁྲལ་འགེལ་དུས་རྒྱ་ནག་གི་དངོས་ཟོག་ཨ་རི་ལ་གཏོང་མི་ཐུབ་པ་དག་རྒྱ་གར་ནང་གཏོང་ཡོང་རྒྱུའི་ཉེན་ཁ་ཡོད་པས། ཚོང་དོན་མི་སྣ་ཚོའི་ཐོངས་མཆན་ལ་དམ་དྲག་ཆེན་པོ་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། འདས་པའི་ཟླ་བ་དག་གི་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་དུ་ཕྱིན་ནས། ཟླ་བ་རྗེས་མར་རྒྱ་ནག་གི་(the Shanghai Cooperation Organisation )ཧྲང་ཧེ་མཉམ་འབྲེལ་ཚོགས་འདུ་དེ་རྒྱ་ནག་གི་གྲོང་ཁྱེར་ཐན་ཅིང་(Tianjin)་ལ་འཚོག་རྒྱུ་ཡིན་འདུག་ཅིང་། ཚོགས་འདུའི་ཐོག་ཏུ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག གལ་སྲིད་སྲིད་བློན་མོ་དྷི་དེར་ཕེབས་ན། དེ་ནི་ཕྱི་ལོ་༢༠༡༨ ནས་ད་བར་རྒྱ་ནག་ལ་ཕྱིན་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག དེ་བཞིན་རྒྱལ་ཁབ་གཉིས་བར་ཐད་ཀར་གནམ་གྲུ་འཕུར་རྒྱུ་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་པ་དང་། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་ཟླ་བ་འདིའི་འགོ་སྟོད་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་ལྷན་ཁང་གཉིས་བར་ཚོགས་འདུ་འཚོགས་ནས་ཐག་གཅོད་བྱུང་ཡོད་པར་བརྗོད་འདུག ད་དུང་གནད་དོན་གཞན་ཞིག་ནི་རྒྱ་གར་གྱི་མི་སེར་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ནང་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་པར་བརྗོད་འདུག་པ་དང་། 

ཟླ་བ་སྔོན་མའི་ནང་རྒྱ་གར་གྱི་མི་མང་རུ་ཁག་ཅིག་བོད་ནང་གི་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་སོགས་ལ་གནས་སྐོར་ཕྱིན་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།