རྒྱ་གར་གཞུང་གིས་རྒྱལ་ཡོངས་མི་མང་ཐོ་འགོད་དང་མི་འབོར་ཞིབ་བཤེར་བྱེད་འཆར།
གསར་དུ་གཏན་ལ་ཕབ་པའི་མི་སེར་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་མུས་སུ་ཡོད་མིན་ལ་མ་བལྟོས་པར། རྒྱ་གར་གཞུང་ནས་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་མི་མང་ཐོ་འགོད་དང་མི་འབོར་ཞིབ་བཤེར་གྱི་ལས་གཞི་ཞིག་ལ་མ་དངུལ་ཕོན་ཆེན་གཏོང་བའི་འཆར་གཞི་འཐེན་བཞིན་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་ ༢༤ རེས་གཟའ་མིག་དམར་ཉིན། རྒྱ་གར་བློན་ཆེན་ལས་ཁུངས་ནས་ལོ་རྗེས་མའི་རྒྱལ་ཡོངས་མི་མང་ཐོ་འགོད་(National Population Register)དང་མི་འབོར་ཞིབ་བཤེར་གྱི་ལས་གཞིའི་ཐོག་མ་དངུལ་ཕོན་ཆེན་སྤྲོད་པའི་མོས་མཐུན་བྱས་འདུག་ཅིང་། འབྲེལ་ཡོད་འགོ་ཁྲིད་ཚོས་ལས་གཞི་དེས་རྒྱ་གར་དུ་འཚོ་སྡོད་བྱེད་པའི་མི་མང་ཐམས་ཅད་ཀྱི་གནས་ཚུལ་ཞིབ་ཚགས་ཤིག་མཁོ་སྤྲོད་ཐུབ་པ་དང་། དེ་ལ་བརྟེན་ནས་སྲིད་གཞུང་ནས་འོས་འཚམ་གྱི་སྲིད་བྱུས་ལེགས་པོ་གཏན་ལ་འབེབས་ཐུབ་ཚུལ་བརྗོད་འདུག ཡིན་ན་ཡང་། དཔྱད་བརྗོད་པ་ཚོས་གྲངས་ཐོ་དེ་ལ་གཞི་བཞག་སྟེ། “དོགས་ཡོད་ཀྱི་མི་སེར”རྣམས་ལ་ཁོ་ཚོ་རྒྱ་གར་གྱི་མི་སེར་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་དགོས་ཟེར་ནས་དཀའ་ངལ་སྤྲོད་རྒྱུ་ཡིན་ཚུལ་བཤད་ཀྱི་ཡོད་འདུག
འབྲེལ་ཡོད་འགོ་ཁྲིད་ཚོས་བརྗོད་པ་ལྟར་ན། རྒྱལ་ཡོངས་མི་མང་ཐོ་འགོད་དང་མི་འབོར་ཞིབ་བཤེར་གྱི་དམིགས་ཡུལ་ནི་རྒྱ་གར་ལ“རྒྱུན་དུ་འཚོ་སྡོད་བྱེད་མཁན”གཅིག་ཀྱང་མ་ལུས་པའི་གནས་ཚུལ་ཞིབ་ཚགས་ཤིག་བསྡུ་རུག་བྱེད་ཆེད་ཡིན་འདུག་པ་དང་། “རྒྱུན་དུ་འཚོ་སྡོད་བྱེད་མཁན”ཞེ་ན། ས་གནས་གཅིག་ལ་ཟླ་བ་དྲུག་འཚོ་སྡོད་བྱས་ཟིན་པའམ། ཡང་ན་འཚོ་སྡོད་བྱེད་པའི་འཆར་གཞི་ཡོད་མཁན་ཞིག་ལ་གོ་ཡི་འདུག་སྟབས། དེའི་ནང་རྒྱ་གར་དུ་འཚོ་སྡོད་བྱེད་བཞིན་པའི་ཕྱི་རྒྱལ་བ་རྣམས་ཀྱང་འདུས་ཡོད་འདུག
རྒྱལ་ཡོངས་མི་མང་གོ་འགོད་དང་མི་འབོར་ཞིབ་བཤེར་གྱི་ལས་གཞི་ལོ་རྗེས་མའི་ཕྱི་ཟླ་ ༤ ནས་འགོ་བརྩམ་རྒྱུ་ཡིན་འདུག་ཅིང་། རྒྱ་གར་གཞུང་ནས་མི་འབོར་ཞིབ་བཤེར་གྱི་ཆེད་དུ་ཧིན་སྒོར་ཐེར་འབུམ་ ༨༧.༥༤ དང་། རྒྱལ་ཡོངས་མི་མང་གོ་འགོད་ཀྱི་ཆེད་དུ་ཧིན་སྒོར་ཐེར་འབུམ་ ༣༩.༤༡ བཅས་ཁྱོན་སྡོམ་ལས་གཞི་དེའི་ཐོག་ཧིན་སྒོར་ཐེར་འབུམ་ ༡༢༦.༩༥ གཏོང་འཆར་ཡོད་འདུག
དཔྱད་བརྗོད་པ་ཚོས་རྒྱལ་ཡོངས་མི་མང་ཐོ་འགོད་ཀྱི་ལས་གཞི་དེ་ནི། ཧིན་དྷུ་མཆོག་འཛིན་གྱི་བྷི་ཇི་ཕི་སྲིད་གཞུང་ནས་ལག་ལེན་བསྟར་ཐབས་བྱེད་བཞིན་པའི་སྲིད་བྱུས་རྩོད་རྙོག་ཅན་ཏེ། རྒྱལ་ཡོངས་མི་སེར་ཐོ་འགོད་(National Register of of Citizens)གྱི་གོམ་པ་དང་པོ་དེ་ཡིན་ཞེས་བཤད་ཀྱི་ཡོད་འདུག་ཀྱང། སྲིད་གཞུང་ནས་དེ་ལ་ཁས་ལེན་བྱེད་ཀྱི་ཡོད་མི་འདུག
རྒྱལ་ཡོངས་མི་སེར་ཐོ་འགོད་ཀྱི་སྲིད་བྱུས་དེ་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་སམ་(Assam)དུ་ལག་བསྟར་བྱས་ཟིན་པ་དང་། མངའ་སྡེ་དེ་གའི་མི་མང་རྣམས་ཀྱིས་ཁོ་ཚོ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་(Bangladesh)རང་བཙན་རྒྱལ་ཁབ་མ་གྱུར་བའི་གོང་སྟེ། ཕྱི་ལོ་ ༡༩༧༡ ཕྱི་ཟླ་ ༣ པའི་ཚེས་ ༢༤ སྔོན་ལ་མངའ་སྡེའི་ནང་འབྱོར་བའམ་འཚོ་སྡོད་བྱས་པའི་དཔང་རྟགས་ཁུངས་སྐྱེལ་བྱེད་དགོས་བྱུང་བས། དེ་ལྟ་བུའི་ཡིག་ཆའི་དཔང་རྟགས་མེད་པའི་མི་མང་ས་ཡ་གཉིས་མ་ཟིན་ཙམ་ཞིག་མི་སེར་གྱི་ཐོ་འགོད་དེ་ལས་བུད་ཡོད་འདུག
རྒྱ་གར་མི་མང་སྤྱི་དང་ལྷག་པར་དུ་ཁ་ཆེའི་མི་མང་གི་ཁྲོད་དུ་ཉེ་ཆར་གཏན་ལ་ཕབ་པའི་ཁྲིམས་དང་། རྒྱལ་ཡོངས་མི་སེར་ཐོ་འགོད། རྒྱལ་ཡོངས་མི་མང་ཐོ་འགོད་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དེ་དག་ནི་རྒྱ་གར་ཧིན་དྷུའི་རྒྱལ་ཁབ་ཏུ་སྒྱུར་བའི་དམིགས་ཡུལ་བཅངས་ཏེ་འབད་བརྩོན་བྱེད་བཞིན་པའི་བྷི་ཇི་ཕི་སྲིད་གཞུང་གིས་ཁྱད་དུ་རྒྱ་གར་གྱི་ཁ་ཆེའི་མི་མང་ས་ཡ་ ༢༠༠ ལ་དབྱེ་འབྱེད་དང་མཐའ་སྐྲོད་གཏོང་སླད་དུ་ལག་ལེན་བསྟར་བྱེད་བཞིན་པའི་ལས་འགུལ་ཞིག་ཡིན་པའི་འཇིགས་སྣང་དང་སེམས་འཚབ་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།