རྒྱ་གར་གྱི་༧རྒྱལ་བ་ཀརྨ་པའི་སྐུ་ཕྱྭའི་སྐོར་གྱི་ཚོགས་འདུ།

དེ་རིང་རྒྱ་གར་རྒྱལ་ས་ལྡི་ལི་རུ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་བདེ་འཇགས་དང་འབྲེལ་བའི་གནད་དོན་གྱི་སྐོར་ལ་ཚོགས་འདུ་ཞིག་རྒྱ་གར་གཞུང་གིས་འཚོགས་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཧིན་རྡུ་སི་ཏན་ནང་གནས་ཚུལ་འཁོད་གསལ་ལྟར་ན། དེ་རིང་ཕྱི་ཚེས་༡༣ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་དྲུང་ཆེས་དབུ་ཁྲིད་འོག རྒྱ་གར་རྒྱལ་ས་ལྡི་ལི་རུ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བདེ་འཇགས་དང་འབྲེལ་བའི་གནད་དོན་གྱི་སྐོར་ལ་ཚོགས་འདུ་ཞིག་བསྐོང་འཚོགས་བྱེད་རྒྱུ་རེད་འདུག ཚོགས་འདུའི་ནང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་༧རྒྱལ་བ་མཆོག་གི་སྐུ་ཕྱྭ་ལ་འགལ་རྐྱེན་ག་རེ་ཡོད་མེད་ཤེས་རྟོགས་བྱུང་བ་དང་། དེ་བཞིན་ནང་སྲིད་བློན་ཆེན་གྱིས་ཧི་མ་ཅལ་མངའ་སྡེ་གཞུང་ནས་སྐུ་ཕྱྭ་སྲུང་སྐྱོབ་ཀྱི་ཐད་ལ་གྲ་སྒྲིག་ག་འདྲ་ཡོད་མེད་སྐོར་ཤེས་རྟོགས་བྱུང་བ་བཅས་ཀྱི་ཐོག་ལ་གོ་བསྡུར་བྱེད་རྒྱུ་ཡིན་འདུག

བརྒྱུད་ལམ་དེའི་ཐོག་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་གར་འབྲས་ལྗོངས་མངའ་སྡེ་གཞུང་གིས་དབུས་གཞུང་ལ་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧ པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་རུམ་བཏེག་དགོན་པར་ཆིབས་བསྒྱུར་བསྐྱངས་འཇུག་དགོས་པའི་སྐུལ་མ་ཞུས་ཡོད་རུང་། རྒྱ་གར་ནང་སྲིད་བློན་ཆེན་གྱིས་༧རྒྱལ་བ་མཆོག་གི་སྐུ་ཕྱྭའི་བདེ་འཇགས་ཐད་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་རེད་ཅེས་འཁོད་འདུག

དེ་འབྲེལ་གྱི་གནས་ཚུལ་ཞིག་ལ་ལོ་འདིའི་ཟླ་༧ པའི་ཚེས་༦ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཏང་བའི་གཞུང་འབྲེལ་ཡི་གེ་ཞིག་ནང་། ༧རྒྱལ་བ་ཀརྨ་པ་མཆོག་འབྲས་ལྗོངས་ལ་ཕེབས་བསུ་ཞུ་ཕྱིར། ཆེད་དུ་གོ་སྒྲིག་བྱེད་མཁན་མི་ཞིག་ཀྱང་བསྐོ་བཞག་བྱས་ཡོད་པ་དང་། ༧ཀརྨ་པ་ལ་བློན་ཆེན་གྱི་གནས་རིམ་ལྟར་ཕེབས་བསུ་ཞུ་དགོས་སྐོར་འཁོད་ཡོད་ཀྱང་། ད་བར་རྒྱ་གར་གཞུང་ནས་༧ཀརྨ་པའི་ཡིག་ཚང་ལ་དེའི་སྐོར་བརྡ་ལན་གང་ཡང་འབྱོར་མེད་པ་རེད་འདུག

དེ་བཞིན་ཕྱི་ལོ་༢༠༡༥ པའི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་སུ་ཕེབས་བཅུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་ཁྲིམས་ལུགས་ཐོག་ནས་ཁོང་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་བྱུས་མེད་པས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

ལོ་འདིའི་ཕྱི་ཟླ་༧ པའི་ནང་སྒང་ཏོག་ནས་དད་ལྡན་སྟོང་ཚོ་མང་པོས་༧ཀརྨ་པ་རུམ་བཏེག་དགོན་པར་ཕེབས་འཇུག་དགོས་ཞེས་གོམ་བགྲོད་ཀྱིས་ལས་འགུལ་སྤེལ་ཡོད་འདུག་ལ་མི་༡༧ གྱིས་ཟས་བཅད་ངོ་རྒོལ་ཡང་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།