རྒྱ་གར་གྱི་ཁྱི་འཁྱམ་ཞིག་ཨ་རིར་ཞི་བདེའི་ཕོ་ཉ་ལྟ་བུ་གྱུར།

དགེ་འདུན་པ་ཁག་ཅིག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་ཆེད་དུ་ཉིན་གྲངས་༡༢༠ ཙམ་གྱི་གྲོམ་བགྲོད་འགོ་བཙུགས་ཡོད་པ་མ་ཟད། རྒྱ་གར་གྱི་ཁྱི་འཁྱམ་ཞིག་ཀྱང་ཁོང་རྣམས་དང་མཉམ་དུ་བསྐྱོད་པས་ད་ཆར་མི་མང་སྟོང་ཕྲག་མང་པོས་དོ་སྣང་དང་དགའ་པོ་བྱེད་ས་ཞིག་ཏུ་གྱུར་འདུག

པར། TIMESNOW

ཟླ་འདིའི་ཚེས་༨ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཊེག་ཟ་སི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཝི་ཏི་ནམ་གྱི་ནང་པའི་དགོན་པ་ཧོང་ཌོ་ལྷག་མཐོང་སྒོམ་སྒྲུབ་ལྟེ་གནས་ཁང་ཞེས་པའི་གོ་སྒྲིག་འོག འཛམ་གླིང་ཞི་བདེ་ཡོང་ཆེད། ནང་པའི་དགེ་འདུན་པ་༡༠ ཡིས་ཞི་བདེའི་ཆེད་དུ་གོམ་བགྲོད་ཅེས་པའི་ལས་འགུལ་ཞིག་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༠ ཉིན་ཨ་རིའི་མངའ་སྡེ་ཊེག་ཟ་སི་(Texas)ནས་འགོ་བཙུགས་ཤིང་། ཁྱོན་ཉིན་གྲངས་༡༢༠ རིང་ཨ་རིའི་མངའ་སྡེ་བཅུ་བརྒྱུད་དེ་རྒྱལ་ས་ཝ་ཤིང་ཊོན་བར་བསྐྱོད་རྒྱུ་རེད་འདུག
གོམ་བགྲོད་ཀྱི་དམིགས་ཡུལ་ནི། དེང་གི་འཛམ་གླིང་ནང་དམག་འཁྲུག་དང་སྡང་ཟུག་གིས་ཁེངས་པའི་སྐབས་སུ། བྱམས་པ་དང་སྙིང་རྗེ། ཞི་བདེ་བཅས་ཀྱི་ས་བོན་འདེབས་རྒྱུ་དེ་རེད་འདུག ལྷག་པར་དུ་ཨ་ལོ་ཀ་ཞེས་རྒྱ་གར་གྱི་ཁྱི་འཁྱམ་ཞིག་ལྷན་དུ་བསྐྱོད་པ་འདིས། ཞི་བདེ་ནི་མི་ཙམ་མ་ཟད། སེམས་ཅན་ཐམས་ཅད་ལ་དབང་བ་ཞིག་ཡིན་པའི་བརྡ་ལན་སྤྲོད་ཀྱི་ཡོད་པ་བརྗོད་འདུག
དགེ་འདུན་པ་རྣམས་ཀྱི་གོམ་བགྲོད་བྱེད་པའི་སྐབས་སུ། ས་ཆ་གང་དུ་སླེབས་ན་དེར་ས་གནས་མི་མང་བརྒྱ་ཕྲག་གིས་ལམ་ཁར་ཕེབས་བསུ་ཞུ་བ་དང་། དགེ་འདུན་པ་རྣམས་ཀྱི་ཞི་འཇམ་གྱི་རྣམ་པ་དང་ཨ་ལོ་ཀའི་བརྩེ་སེམས་མཐོང་སྐབས། དགའ་སྐྱོ་འདྲེས་མའི་མིག་ཆུ་གཏོང་མཁན་དང་། ལྷག་མེད་ཀྱི་བརྩེ་བ་མཚོན་པའི་འཐམ་འཁྱུད་བྱེད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་འདུག
གོམ་བགྲོད་ཀྱི་སྐབས་སུ་དགེ་འདུན་པ་རྣམས་ལ་གནམ་གཤིས་གྲང་ངར་ཆེ་བ་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༡༩ ཉིན། དགེ་འདུན་པ་ཞིག་ལ་རླངས་འཁོར་གྱིས་བརྡུང་པའི་རྐྱེན་གྱིས་སྨན་ཁང་དུ་རྐང་པ་གཅིག་བཏུབ་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཡང་བྱུང་ཡོད་འདུག
དགེ་འདུན་པ་རྣམས་དང་ལྷན་དུ་ཨ་ལོ་ཀ་ཞེས་པའི་ཁྱི་ཞིག་ཡོད་པ་དང་། དགེ་འདུན་པ་རྣམས་དེ་སྔར་རྒྱ་གར་ནང་ཉིན་བརྒྱ་ལྷག་གི་གོམ་བགྲོད་བྱེད་པའི་སྐབས་སུ། ཁྱི་དེ་ཁོང་རྣམས་ཀྱི་རྗེས་སུ་འབྲངས་ཡོད་འདུག རྗེས་སུ་དགེ་འདུན་པ་རྣམས་ཀྱིས་ཁྱི་ལ་མིང་ཨ་ལོ་ཀ་ཞེས་བཏགས་ནས་ཨ་རིར་ཁྲིད། ཁྱི་དེར་ངོ་དེབ་སོགས་ཀྱི་ཁ་བྱང་བཟོས་པར་ད་ཆར་ངོ་དེབ་ཐོག་དེར་རྗེས་འབྲང་པ་༤༦༦།༠༠༠་ལྷག་བྱུང་ཞིང་། ཁྱི་དེ་དང་འབྲེལ་བའི་བརྙན་འགའ་རེ་ལ་ལྟ་མཁན་ས་ཡ་གཉིས་ཙམ་བྱུང་ཡོད་འདུག ཁྱི་དེ་ཐོག་མ་ཁྱི་འཁྱམ་ཞིག་ནས་ད་ཆར་ཨ་རིར་ཞི་བདེའི་ཕོ་ཉ་ཞིག་ཏུ་གྱུར་ཅིང་། མི་མང་པོས་ཁོང་ལ་འཐམ་པ་དང་བྱམས་པོ་བྱེད་པ། སྨན་བཅོས་བྱེད་པ་དང་པར་བླངས་ནས་དྲ་ཐོག་ཏུ་འཇོག་པ་སོགས། མི་ས་ཡ་མང་པོས་དོ་སྣང་དང་དགའ་པོ་བྱེད་ས་ཞིག་ཏུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།