རྒྱ་གར་གྱི་གཞས་པ་སྐད་གྲགས་ཅན་ཞིག་གྲོངས་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ནང་ཤིན་ཏུ་སྐད་གྲགས་ཆེ་བའི་གཞས་པ་ཡོངས་གྲགས་སུ་ཀེ་ཀེ་(Krishnakumar Kunnath) ཞེས་པ་ཟླ་བ་༥ པའི་ཚེས་༣༡ ཉིན་ཁོང་གིས་འཁྲབ་སྟོན་བྱས་པའི་གཞས་སྣའི་དགོང་ཚོགས་ཞིག་ཚར་བའི་རྗེས། ཆུ་ཚོད་ཁ་ཤས་ཀྱི་རྗེས་ལ་རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་ཀོལ་ཀ་ཏར་ཁོང་གི་མགྲོན་ཁང་ནང་འགྱེར་ནས་ལྷག་ཡོད་པས། ཕྲལ་དུ་སྨན་ཁང་ལ་བསྐྱལ་ཡོད་ཀྱང་མྱུར་སྐྱོབ་བྱ་ཐུབ་མེད་དང་། ཟླ་འདིའི་ཚེས་༢ ཉིན་གྱི་ཞོགས་པར་ཁོང་གི་ཕུང་པོ་རང་ཁྱིམ་མོམ་བྷེ་ལ་ཁྱེར་ཡོད་འདུག
གཟའ་ལྷག་པའི་ཞོགས་པར་གཞས་པ་ཁོང་གི་ལས་རོགས་ཡོངས་དང་དེ་བཞིན་ཁོང་ལ་དགའ་མོས་བྱེད་མཁན་ཡོངས་ཀྱི་གནས་ཚུལ་དེ་ཐོས་འཕྲལ་ཧ་ལས་ཧོན་ཐོར་ནས་ཡིད་མ་ཆེས་པར་ཊུ་ཀྲར་འབྲེལ་མཐུད་ནང་(Not KK) ‘’ཀེ་ཀེ་མ་རེད་’’ཅེས་བྲིས་ཡོད་འདུག
དེ་བཞིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་དྷ་མུ་དྷི་ཡིས་ཀྱང་ཊུ་ཀྲར་ནང་“ཁོང་གི་གཞས་བརྒྱུད་ནས་ང་ཚོས་རྟག་ཏུ་ཁོང་དྲན་གྱི་རེད་’’ཅེས་བརྗོད་འདུག
གཞས་པ་ཁོང་གི་འཆི་རྐྱེན་ཅི་ཡིན་ཕུང་པོ་ལ་རྟག་དཔྱད་བྱས་པའི་འབྲས་བུར་རྒྱ་གར་གསར་འགོད་ངོ་ཚབ་ལས་ངོན་ཁང་PTI ནས་གནས་ཚུལ་བརྗོད་གསལ་ལྟར་ན། སྙིང་ཁྲག་འགག་ནས་གྲོངས་པ་ཡིན་འདུག
ཀེ་ཀེའི་ལས་མི་རྣམས་ཀྱིས་བརྗོད་གསལ། སྤྱིར་བཏང་བྱས་ན་གཞས་པ་ཁོང་གི་དགོང་ཚོགས་ཉིན་མོར་མི་ཤོང་ཚད་ཀྱི་རྐུབ་སྟེགས་གྲངས་༢༤༨༢ ལས་མེད་ཀྱང་། མང་ཚོགས་ཀྱི་རྒྱལ་སྒོ་བཅག་ནས་ནང་ལ་འཛུལ་བས་ཚོགས་ཁང་ནང་མིའི་གྲངས་ཚད་ནི་ལས་མི་རྣམས་ཀྱིས་གྲ་སྒྲིག་བྱས་པའི་ཚད་ལས་ལྡབ་གཅིག་གི་མང་བ་ཡོད་འདུག
གཞས་པ་ཁོང་གིས་ད་བར་གཞས་བཏང་བའི་ནང་ནས་Palདང་Yaaron ནི་སློབ་གྲྭ་དང་མཐོ་རིམ་སློབ་མ་རྣམས་ཀྱི་དགའ་སྐྱིད་ཉིན་མོར་ཡང་ཡང་གོ་རྒྱུ་ཡོད་འདུག
སྐད་གྲགས་ཆེ་བའི་གཞས་པ་ཀེ་ཀེ་ཁོང་ནི་༡༩༦༨ ལོར་རྒྱ་གར་ལྡི་ལི་རུ་འཁྲུངས་པ་དང་། ད་བར་ཁོང་གི་གློག་བརྙན་གྱི་གཞས་མང་པོ་ཞིག་བཏང་བ་དང་མཉམ་དུ་ཁོང་གི་རྒྱ་གར་གྱི་སྐད་རིགས་མི་འདྲ་བ་༡༡ ནང་ཁྱབ་བསྒྲགས་བྱ་ཆེད་ཡང་ཡང་བརྒྱུད་གཏོང་བྱས་པའི་སྙན་འཇེབས་ཀྱི་སྒྲ་དབྱངས་ཁྱོན་༣༥༠༠ ལས་མང་བ་ཡོད་འདུག
གཞས་པ་ཁོང་གི་གཞས་ལ་རྒྱ་གར་བའི་མི་རྒན་གཞོན་ཚང་མས་དགའ་མོས་ཧ་ཅང་བྱེད་ཀྱི་ཡོད་པ་དང་། གཞས་པ་ཁོང་ལ་གློག་བརྙན་དུས་སྟོན་(filmfare Award) དྲུག་དང་ལྷོ་ཕྱོགས་ཀྱི་གློག་བརྙན་དུས་སྟོན་གཅིག་ནང་མིང་དོན་བྱས་ཡོད་འདུག
སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ། པན་ཇབ་པིའི་སྐད་ཡིག་ཐོག་གཞས་མ་གཏམ་བཏང་མཁན་ལོ་ན་༢༨ ལ་སོན་པའི་གཞས་པ་ཞིག་ལ་མེ་མདའ་རྒྱབ་ནས་བསད་པའི་ཉིན་གཉིས་རྗེས་གཞས་པ་ཀེ་ཀེ་ཁོང་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བདེ་སྒྲོན།