རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་ལ་དྭགས་སུ་༧གོང་ས་མཆོག་མཇལ་འདུག

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Sunny Deol )ཡིས་ཁ་སང་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་༧གོང་ས་མཆོག་མཇལ་འདུག་ལ། དེའི་མྱོང་ཚོར་གློག་བརྙན་འཁྲབ་སྟོན་པ་ཁོང་གིས་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་རྗེས། རྒྱ་གར་གྱི་གསར་ཁང་ཆེ་ཁག་གིས་དེ་སྐོར་གནས་ཚུལ་སྤེལ་འདུག
ཕྱི་ཚེས་༢༨ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གཙོས་པའི་གསར་ཁང་ཆེ་ཁག་ཚོས་གནས་ཚུལ་སྤེལ་གསལ། ཁ་སང་རྒྱ་གར་གྱི་རྒྱལ་ཞེན་རིང་ལུགས་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སན་ནི་ཌིའོ་ལི་(Sunny Deol )ཡིས་ལ་དྭགས་སུ་༧གོང་ས་མཆོག་མཇལ་བཅར་ཞུས་འདུག་པ་དང་། མཇལ་ཁ་ཚར་རྗེས་ཁོང་གིས་༧གོང་ས་མཆོག་མཇལ་བའི་མྱོང་ཚོར་ཁོང་གི་སྤྱི་ཚོགས་བརྒྱུད་ལམ་རྗེས་འབྲང་པ་མི་ས་ཡ་ལྔ་ཡོད་པའི་(Instagram)ཐོག་ཏུ། ང་རང་ལ་དྭགས་སུ་ཡོང་དུས་༧སྐྱབས་མགོན་ཏཱ་ལའི་བླ་མ་ཁོང་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཡིན། ཁོང་གི་བྱིན་རླབས་ཀྱིས་ངའི་སེམས་ལ་ཞི་བདེ་དང་ཤེས་རབ་བྱིན་བྱུང་། དེ་ནི་ནམ་ཡང་བརྗེད་ཐབས་དཀའ་བ་ཞིག་ཡིན་ཞེས་བྲིས་འདུག་པས། ཁོང་གི་རྗེས་འབྲང་པ་སྟོང་ཕྲག་མང་པོས་དགའ་རྟགས་དང་མཆན་འགོད་མཁན་ཧ་ཅང་མང་པོ་འདུག
དེའི་སྐོར་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཚང་མས་གནས་ཚུལ་སྤེལ་འདུག (Sunny Deol )ཁོང་ནི་རྒྱ་གར་གྱི་གློག་བརྙན་བཟོ་ཚོང་ཁང་(Bollywood )ཡི་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༥༧ ལོར་པན་འཇབ་མངའ་སྡེའི་ནང་སྐྱེས་ཡོད་འདུག ད་ལོ་རང་ལོ་༦༨ ཡིན་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཁོང་གིས་འདས་པའི་དུས་ཡུན་ནང་རྒྱ་གར་གྱི་གློག་བརྙན་ཁྱོན་༡༠༠ ལྷག་ཙམ་ནང་མི་སྣ་འདྲ་མིན་འཁྲབ་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ནས་ཁོང་ལ་གཟེངས་རྟགས་དུ་མ་རག་མྱོང་ཡོད་འདུག དཔེར་ན། རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་(National Film Award)ཟེར་བ་དེ་ཐེངས་གཉིས་དང་། གཞན་གཟེངས་རྟགས་ཐེངས་མང་པོ་རག་མྱོང་ཡོད་འདུག ད་དུང་ཁོང་སྲིད་དོན་པ་ཞིག་ཀྱང་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༩ ནས་༢༠༢༤ བར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་པ་འཇབ་མངའ་སྡེ་ནས་ད་ལྟའི་རྒྱ་གར་དབུས་གཞུང་གི་གཞུང་འཛིན་སྲིད་དོན་ཚོགས་པ་(BJP)ཡི་འཐུས་མི་བྱེད་མྱོང་ཡོད་འདུག
ཕྱི་ལོ་༡༩༧༡ རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་ས་མཚམས་སུ་དམག་འཁྲུག་ཤོར་ཡོད་པ་བཞིན། ཕྱི་ལོ་༡༩༩༧ ལོ་ཁོང་གིས་དོན་རྐྱེན་དེ་དང་འབྲེལ་ནས་གློག་བརྙན་གཅིག་འཁྲབ་ཅིང་། སྐབས་དེ་དུས་གློག་བརྙན་དེའི་ལེའུ་དང་པོ་འཁྲབ་ཡོད་འདུག་པ་དང་། ད་ལོ་ཁོང་གིས་གློག་བརྙན་དེའི་ལེའུ་གཉིས་པ་དེ་འཁྲབ་བཞིན་ཡོད་འདུག གློག་བརྙན་ལེའུ་གཉིས་པ་དེའི་མིང་ལ་(Borders 2)ཟེར་བ་ཡིན་འདུག་ཅིང་། གློག་བརྙན་དེ་ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༢༦ ཉིན་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་འདུག དུས་རྒྱུན་ཁོང་གིས་འཁྲབ་པའི་གློག་བརྙན་མང་ཆེ་ནི་རྒྱལ་ཞེན་རིང་ལུགས་ཀྱི་གློག་བརྙན་ཡིན་འདུག
གསར་འགོག་པ། བསོད་ནམས་ཕུན་ཚོགས།