རྒྱ་གར་གྱི་ཆེས་ཐོག་མའི་དངུལ་ལོ་༢༠༠ ལོ་ཐོན་གཏན་འཁེལ་འདུག
རྒྱ་གར་གྱི་ལོ་རྒྱུས་ནང་གི་ཆེས་ཐོག་མའི་དངུལ་ལོ་༢༠༠ ལོ་གང་མགྱོགས་ཁྲོམ་རར་དངོས་སུ་ཐོན་རྒྱུ་གཏན་འཁེལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱ་གར་གྱི་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དཔལ་འབྱོར་ལྷན་ཁང་གིས་ཁ་སང་ཕྱི་ཚེས་༢༣ ཉིན་ལོ་རྒྱུས་ཐོག་ནས་ཆེས་ཐོག་མའི་རྒྱ་གར་གྱི་དངུལ་ལོ་༢༠༠ ལོ་ཐོན་རྒྱུ་ཡིན་པའི་ངོ་སྤྲོད་དུ་བརྡ་ཁྱབ་ཅིག་སྤེལ་ཡོད་འདུག་ཅིང་། རྒྱ་གར་དབུས་གཞུང་གི་དངུལ་ཁང་(RBI)ཞེས་པས་དངུལ་ལོ་ཆུང་བ་སྟེ། ༡༠༠ ལོ་དང་། ༥༠ ལོ་ལྟ་བུའི་འཁོར་བསྐྱོད་ཡར་རྒྱས་གཏོང་ཕྱིར་གང་མགྱོགས་༢༠༠ ལོ་ཁྲོམ་རའི་ཐོག་སྤེལ་རྒྱུ་ཡིན་སྐོར་འདུག
འོན་ཀྱང་། དཔལ་འབྱོར་བློན་ཆེན་ཨ་རུན་ཇེ་ཏིས་ད་ཡོད་ཀྱི་དངུལ་ལོ་༢༠༠༠ ལོ་དེ་མེད་པ་བཟོ་རྒྱུའི་བསམ་བློ་རྒྱ་གར་གཞུང་ལ་མེད་སྐོར་གསལ་པོ་བཟོས་ཡོད་འདུག་པ་མ་ཟད། དེ་སྔོན་གྱི་དངུལ་ལོ་༡༠༠༠ ལོ་དེ་ཕལ་ཆེར་བསྐྱར་དུ་བཟོ་རྒྱུ་མིན་པའི་གནས་ཚུལ་འདུག
ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་གློ་བུར་དུ་རྒྱ་གར་གཞུང་གིས་ཤོག་དངུལ་༡༠༠༠ ལོ་དང་། ༥༠༠ ལོ་ཁྲོམ་རར་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་སྐབས། ཁྱོན་བསྡོམས་དངུལ་འབོར་གྱི་བརྒྱ་ཆ་༨༦ ཙམ་དངུལ་ལོ་གསར་པ་༢༠༠༠ ལོ་དང་བརྗེ་པོ་སློག་དགོས་ཐུག་ཡོད་སྟབས། དུས་སྐབས་ཤིག་གི་རིང་ལ་དངུལ་དཀོན་པའི་དཀའ་ངལ་བྱུང་ཡོད་པ་མ་ཟད། དངུལ་ལོ་ཆུང་བ་སྟེ། ༥༠ ལོ་དང་༡༠༠ ལོ་ལྟ་བུ་ཉུང་དྲགས་པའི་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད།
དེ་བཞིན་ཉེ་ཆར་དབུས་གཞུང་གི་དངུལ་ཁང་(RBI)ཞེས་པས་དངུལ་ལོ་༥༠ ལོ་གསར་པ་མཚོན་མདོག་སྔོན་པོ་གྷན་དྷི་ཡི་སྐུ་པར་ཡོད་པ་ཞིག་ཀྱང་ངོ་སྤྲོད་བྱས་ཡོད་ཅིང་། དེ་ནི་ད་ཡོད་ཀྱི་༥༠ ལོ་ལས་ཏོག་ཙམ་ཆུང་བ་ཡིན་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།