རྒྱ་གར་གྱི་དམག་མིས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་བོད་རིག་པ་སློབ་སྦྱོང་བྱེད་འཆར།

 རྒྱ་དཀར་ནག་གཉིས་ཀྱི་འགལ་བ་ཇེ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་རྒྱ་ནག་ལ་ནུས་པ་ལྡན་པའི་ཐོག་ནས་ཁ་གཏད་གཅོག་པའི་ཆེད་དུ་དམག་མི་རྣམས་ལ་བོད་རིག་པ་(Tibetology) སློབ་སྦྱོང་བྱེད་དུ་འཇུག་པའི་འཆར་གཞི་འཐེན་བཞིན་ཡོད་འདུག 

ཕྱི་ཟླ་༡ ཚེས་༢༨ ཉིན་རྒྱ་གར་དུས་བབ་(Times of India) ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་དུ་དྲག་པོའི་གདོང་ཐུག་ཡང་ནས་བསྐྱར་དུ་འབྱུང་བཞིན་པའི་སྐབས་འདིར། རྒྱ་གར་གྱིས་དམག་མི་རྣམས་ལ་བོད་རིག་པ་སློབ་སྦྱོང་བྱེད་དུ་བཅུག་ནས་རྒྱ་ནག་ལ་གདོང་ལེན་བྱེད་འཆར་ཡོད་འདུག 

གནས་ཚུལ་དེར་རྒྱུས་མངའ་ལྡན་པ་ཚོས་བརྗོད་པ་ལྟར་ན། རྒྱ་གར་གྱི་དམག་མིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག དེ་བཞིན་རྒྱལ་སྤྱིའི་ས་མཚམས་བཅས་ལ་དམིགས་བསལ་དོ་ཁུར་དང་སློབ་སྦྱོང་བྱེད་འཆར་ཡོད་འདུག་པ་དང་། དེ་ནི་“རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་དང་རྫུན་བསྒྲགས་”ལ་གདོང་ལེན་དང་ཁ་གཏད་གཅོག་པའི་ཐབས་བྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད་འདུག 

རྒྱ་གར་གྱི་དམག་མི་ཚོས་བོད་རིག་པ་སློབ་སྦྱོང་བྱེད་པའི་ཐབས་བྱུས་གསར་པ་དེ་ཐོག་མར་ལོ་སྔོན་མའི་ཕྱི་ཟླ་༡༠ པར་མཐོ་རིམ་དམག་དཔོན་གྱི་ཚོགས་ཆེན་ཞིག་གི་ཐོག་ཏུ་གླེང་སློང་བྱུང་བའི་རྗེས། ད་ལྟ་སིམ་ལར་རྟེན་གཞི་བྱས་པའི་དམག་སྦྱོང་ལྟེ་གནས་ཁང་(Army Training Command) གིས་མུ་མཐུད་དེ་ལ་ཞིབ་འཇུག་དང་བགྲོ་གླེང་བྱེད་བཞིན་པའི་སྒང་ཡིན་འདུག 

རྒྱ་གར་གྱི་དམག་སྦྱོང་ལྟེ་གནས་ཁང་དེས་བོད་རིག་པ་སྦྱོབ་སྦྱོང་བྱེད་སའི་ཤེས་ཡོན་ལྟེ་གནས་ཁང་བདུན་ངོས་འཛིན་བྱས་འདུག་པའི་ནང་། ཝཱ་ར་ན་སིར་(Varanasi) རྟེན་གཞི་བྱས་པའི་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་(Bengaluru) དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་བཞག་འདུག 

རྒྱ་གར་དུས་བབ་ཀྱིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་སྤེལ་བའི་གནས་ཚུལ་དེར་གསལ་བ་ལྟར་ན། རྒྱ་གར་གྱི་དམག་མི་ཚོས་སྤྱི་ཡོངས་ནས་པ་ཀི་སི་ཐན་དང་འབྲེལ་བའི་གནས་ཚུལ་ལ་རྒྱུས་མངའ་གང་འཚམ་ཡོད་རུང་། རྒྱ་ནག་དང་རྒྱ་ནག་གི་བསམ་བློར་མཁས་པའི་མི་སྣ་མང་པོ་མེད་པའི་ཐོག བོད་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཡོད་མཁན་དེ་བས་ཀྱང་དཀོན་པོ་ཡོད་པར་བརྟེན། པ་ཀི་སི་ཐིན་ལྟར་རྒྱ་ནག་དང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། བསམ་སྤྱོད་སོགས་ལ་སློབ་སྦྱོང་བྱེད་འཆར་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།