རྒྱ་གར་གྱི་དམག་སྤྱི་ཟུར་པས་རྒྱ་གཞུང་གིས་དུས་རབས་བདུན་པ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་པ་ནི་ལོ་རྒྱུས་རྫུན་བཟོ་བྱས་པ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ནྰ་ར་ཝན་ལགས་ཀྱིས་གསུངས་དོན་ལ། རྒྱ་ནག་གིས་ཉེ་ཆར་རྒྱབ་ཤ་དཀར་པོའི་ཡིག་ཆའི་ནང་བོད་དེ་དུས་རབས་བདུན་པ་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་ནི་ལོ་རྒྱུས་རྫུན་བཟོ་བྱས་པ་རེད་ལ། ལོ་རྒྱུས་བསྐྱར་འབྲི་བྱེད་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག
ཕྱི་ཟླ་༨ ཚེས་༡༦ ཉིན་ThePrint ཞེས་པའི་གསར་ལམ་དུ་རང་བཙན་ཚོགས་ཆེན་གྱི་སྐོར་དང་ལྷག་ཏུ་དམག་སྤྱི་ཟུར་པ་སྐུ་ཞབས་ནྰ་ར་ཝན་ལགས་ཀྱིས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱེད་ཀྱི་ཡོད་པའི་སྐོར་ཚོགས་ཐོག་ཏུ་གཏམ་བཤད་གནང་བ་དག་སྤེལ་འདུག ཕྱི་ཚེས་༡༦ ཉིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(India International Centre) ཞེས་པར་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ནྰ་ར་ཝན་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་གཙོས་པའི་རྒྱལ་ཁབ་མང་པོ་ནས་ཡུ་སོག་གཉིས་ཀྱི་སྐུ་ཚབ་དང་བོད་མི་ཚོགས་བཅར་བ་མང་པོ་ཞིག་ཕེབས་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ནྰ་་ཝན་ལགས་ཀྱིས་གསུངས་འཛམ་གླིང་གང་སར་ཡོད་པའི་བོད་པ་རྣམས་རང་གི་ཕ་ས་ཕ་ཡུལ་དུ་ལོག་ནས་རང་གི་རིག་གཞུང་དང་། ཡུལ་གོམས་གཤིས་ལུགས་ལོངས་སུ་སྤྱོད་རྒྱུ་དེ་ཁྲིམས་མཐུན་ཡིན་ཞིང་། བོད་ནང་བོད་མི་ས་ཡ་དྲུག་ཡོད་པ་དང་། བཙན་བྱོལ་ནང་བོད་མི་༡༤༠༠༠༠ ཡོད་པ་རེད། དེའི་ནང་ནས་བོད་མི་༡༠༠༠༠༠ རྒྱ་གར་ནང་ཡོད་རེད་ཅེས་གསུངས་འདུག་པ་དང་། དེ་བཞིན་ཁོང་གིས་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན་བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་བཟང་པོ་ཞིག་ཡིན་པ་དང་། བོད་དང་རྒྱ་གར་བར་གྱི་ས་མཚམས་སུ་ཞི་བདེ་ལྡན་ཞིང་། རྟག་ཏུ་ཚོང་པ་དང་འགྲུལ་བ་སོགས་ཕར་འགྲོ་ཚུར་འོང་གི་རང་དབང་ལྡན་པ་མ་ཟད། རིན་ཐང་ལྡན་པའི་མིའི་རིགས་ཀྱི་བསམ་བློའི་དཔལ་ཡོན་སྤེལ་རེས་བྱེད་ཀྱི་ཡོད།
འོན་ཀྱང་། ཕྱི་ལོ་༡༩༥༤ ལོར་རྒྱ་གར་དང་རྒྱ་ནག་བར་གྱི་ཆིངས་ཡིག་དོན་ཚན་ལྔ་(Panchsgeel agreement )་ཟེར་བ་དེ་བཞག་པ་ནི། རྒྱ་གཞུང་ནས་བོད་བཙན་བཟུང་བྱེད་ཆེད་ལྐོག་ཇུས་ཤིག་ཡིན་པ་དང་། ད་ཆར་བོད་ཆ་ཚང་བཙན་བཟུང་བྱས་ནས་བོད་ཀྱི་ངོ་བོ་དང་རིག་གཞུང་ཡོངས་རྫོགས་སྒྱུར་ཐབས་བྱེད་བཞིན་ཡོད་ཅིང་། ཉེ་ཆར་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞེས་པ་ཞིག་བཏོན་ཡོད་པ་དང་། དེའི་ནང་བོད་དེ་དུས་རབས་བདུན་པ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་ཡོད་པ་དེ་རྫུན་གཏམ་རེད་ལ། བོད་ཀྱི་ལོ་རྒྱུས་བསྐྱར་འབྲི་བྱེད་འདོད་ཡོད་པ་རེད་ཅེས་གསུངས་འདུག ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་བོད་དོན་ཐད་མགོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་ཁབ་སོ་སོའི་ཉམས་ཞིབ་ལྟེ་གནས་ཁག་དང་། དེ་བཞིན་ཚོགས་སྡེ་ཚང་མས་བོད་དོན་ཐོག་ལ་ཤུགས་སྣོན་བརྒྱབས་ནས་རོགས་རམ་བྱེད་དགོས་པ་དང་། དེ་བཞིན་འཛམ་གླིང་མི་མང་ཚང་མས་མཉམ་རུབ་ཐོག་ནས་བོད་དོན་ཐད་རོགས་རམ་བྱེད་དགོས་པ་རེད། བོད་ཀྱི་བདེན་པའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། རྒྱ་ནག་སྟོབས་ཆེན་ཇི་ལྟར་གྱུར་ཡང་ཁོང་ཚོ་ལ་ཞན་ཆ་ཞིག་ཡོད་པས། རྒྱ་གར་དང་ལྷན་དུ་མཉམ་ལས་བྱེད་རྒྱུ་དང་ཡིད་ཆེས་བྱེད་རྒྱུར་ཞེད་སྣང་ཡོད་རེད་ཅེས་དང་། རྒྱ་ནག་གི་དམིགས་འབེན་ནི་བོད་དང་། ཐེ་ཝན། ཡུ་གུར། དེ་བཞིན་སོག་པོ་བཅས་དེ་དག་རྒྱ་ཁོངས་སུ་འཇུག་ཐབས་བྱེད་རྒྱུ་དེ་ཡིན་པས། ངེས་པར་དུ་སྤྱང་གྲུང་འཛོམས་པོའི་ཐོག་གདོང་ལེན་བྱེད་རྒྱུ་དེ་གལ་ཆེན་རེད་ཅེས་བརྗོད་འདུག
ད་དུང་ཁོང་གིས་གསུངས་དོན་ལ་ད་ཆར་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཐབས་ཇུས་གསར་པ་ཞིག་དགོས་ཀྱི་འདུག་ལ། ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག་བྱེད་བཞིན་པ་ནི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཀྱི་ཁྲིམས་ལུགས་དང་འགལ་བ་ཡིན་པས། ངེས་པར་དུ་དེ་ལ་ཡ་ལན་དྲག་པོ་ཞིག་སྤྲོད་དགོས་ཀྱི་རེད་ལ། དེ་དག་སྟངས་འཛིན་ནུས་པ་ལྡན་པ་ཞིག་བྱེད་ཐབས་ཡག་ཤོས་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྟངས་འཛིན་བྱེད་རྒྱུ་དེ་རེད། ད་ཆར་ཐེ་ཝན་དང་ཧོང་ཀོང་དེ་བཞིན་ལྷོ་ཤར་ཨེ་ཤེའི་མངའ་ཁུལ་དུ་ཞི་བདེ་བརྟན་བརླིང་ཡོང་ཐབས་སུ་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཐབས་ཇུས་གསར་པ་ཞིག་དགོས་གལ་ཆེན་པོ་རེད་འདུག དེ་བཞིན་ད་ཆར་ཨ་རྒྱ་གཉིས་བར་གདོང་ཐུག་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་ནི་རྒྱལ་སྤྱིའི་ཐོག་ནུས་པ་ལྡན་པའི་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གཅིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་དཀར་ནག་བར་ག་ཝན་ལུང་གཤོངས་ཀྱི་གནད་དོན་བྱུང་བ་ནས། ད་ཆར་རྒྱ་གར་གྱིས་ས་མཚམས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོར་པེ་ཅིན་རྒྱལ་སྤྱིའི་རྩེད་འགྲན་སྐབས་སུ་བོད་ནང་ཞི་རྒོལ་བྱུང་བ་དེ་རྒྱ་ནག་གིས་བོད་ནང་རང་དབང་ཡོད། བོད་མི་རྣམས་སྐྱིད་པོ་ཡིན་ཞེས་པའི་དྲིལ་བསྒྲགས་ཚང་མ་རྫུན་མ་ཡིན་པའི་བདེན་དཔང་བྱས་པ་རེད་ལ། རྒྱ་ནག་གཞུང་གིས་ལོ་དུ་མའི་རིང་བོད་ནང་བཙན་དབང་དང་རྡུང་རྡེག་ཇི་ལྟར་བྱས་ཀྱང་། བོད་མིའི་ཆོད་སེམས་ད་དུང་བརླགས་མེད་པར་གསོན་པོ་གནས་ཡོད་པའི་བདེན་དཔང་བྱས་པ་རེད་ཅེས་གསུངས་འདུག་པ་དང་། དེ་བཞིན་ཁོང་གིས་བོད་ཀྱི་ཁོར་ཡུག་གི་བདེ་འཇགས་ནི་ཁོར་ཡུག་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པས་དེ་དག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་རེད་ཅེས་གསུངས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
