རྒྱ་གར་གྱི་དུས་ཆེན་ཁག་དང་བསྟུན་ནས་གཟབ་ནན་དགོས་པའི་ལམ་སྟོན་གནང་སོང་།
ཟླ་༡༠ དང་༡༡ ནང་རྒྱ་གར་ནང་དུས་ཆེན་མང་དག་ཅིག་ལ་འཁེལ་གྱི་ཡོད་སྟབས། མི་མང་པོ་ཞིག་འདུ་འཛོམས་གནང་བ་ལ་བརྟེན་ནས་ན་ཚ་ཕར་ཚུར་འགོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཚང་མས་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་སོང་། དེ་བཞིན་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གྲངས་ ༣༢ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་འདུག
ཟླ་༡༠ པའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༨༣ དེ་སྤེལ་ཡོད་པ་རེད།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོ་ངོ་སྤྲོད་བྱས་པ་ལྟར་ན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༩ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༨༥ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༡༨༢ བཅས་ཁྱོན་བསྡོམས་བོད་མི་གྲངས་༢༦༧ འགོག་དབྱེ་ཟུར་བཀག་ནང་ཡོད་པ་རེད།
འདས་པའི་བདུན་ཕྲག་ནང་མི་གྲངས་༦ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་བ་དང་། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༠ དང་བལ་ཡུལ་ནང་གི་ས་གནས་གྲངས་༢ བཅས་ཀྱི་བོད་མི་གྲངས་༢༣༨ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་བ་དང་། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་༡༨ ཡན་གྲངས་༤༤༠༧༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་འདུག མི་གྲངས་༧༢༢༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་༥༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་༦༦༩༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་བརྒྱབ་ཟིན་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གྲངས་༣༢ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་༢༢ དང་། བུད་མེད་གྲངས་༡༠ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་༨༢ དང་ཆུང་ཤོས་དེ་ལོ་༧ ཡིན་པ་རེད། བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད་པ་རེད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་༦༧༣༦ དང་། དྲག་སྐྱེད་བྱུང་བ་མི་གྲངས་༦༥༢༨། འདས་གྲོངས་སུ་གྱུར་བ་མི་གྲངས་༡༥༥། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་༥༣ ཡོད་པ་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་མོན་གྷོ། རྡ་ས་ཁུལ་ནས་རེད་འདུག
མང་ཚོགས་ནས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་ལག་བསྟར་གནང་བའི་ཐོག་ཁ་རས་ངེས་པར་གྱོན་རྒྱུ་ཧ་ཅང་གལ་ཆེན་པོ་དང་། ཐེངས་འདིའི་ལམ་སྟོན་བརྒྱུད་དགུན་དུས་ཚོང་ལས་གཉེར་མཁན་ས་གནས་གང་དུ་ཡོད་ནའང་སོ་སོའི་ཁྱིམ་དུ་མི་གྲངས་ག་ཚོད་ཡོད་པ་སོགས་འཕྲོད་བསྟེན་ལས་ཁུངས་སུ་གནང་རོགས་ཞེས་འབོད་སྐུལ་ཡང་བྱས་འདུག
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བཙོན་འགྲུས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་ཉེན་ཚབས་ཆེ་རུ་འགྲོ་བཞིན་འདུག དེ་རིང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་བཅུ་དྲུག་ཙམ་བྱུང་འདུག ཟླ་༡༠ དང་༡༡ ནང་རྒྱ་གར་ནང་དུས་ཆེན་མང་དག་ཅིག་འཁེལ་གྱི་ཡོད་སྟབས། མི་མང་པོ་ཞིག་འདུ་འཛོམས་གནང་བ་ལ་བརྟེན་ནས་ན་ཚ་ཕར་ཚུར་འགོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཚང་མས་ཡིད་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ད་ཆ་ཀང་ར་རྫོང་ནང་ཉིན་ལྟར་ན་ཚ་གསར་པ་ཕོག་མཁན་མི་བརྒྱ་ལྷག་ཙམ་འབྱུང་བཞིན་འདུག རྒྱ་གར་གྱི་ཉིན་མོའི་སློབ་གྲྭ་ཁག་གི་ནང་ཇེ་མང་འཐོན་གྱི་འདུག བོད་པའི་སློབ་གྲྭ་མང་ཆེ་བ་ཚུགས་བཞིན་ཡོད་སྟབས་ཉིན་མོའི་སློབ་གྲྭ་དེ་དག་དོ་ནན་བྱེད་རྒྱུ་དང་། ནད་རྟགས་ཡོད་པ་རྣམས་ཟུར་དུ་བཞག་ནས་བརྟག་དཔྱད་གནང་དགོས་རྒྱུ་གལ་ཆེན་པོ་རེད། གནམ་གཤིས་གྲང་མོ་རེད་བསམས་ནས་སྒོ་དང་སྒེའུ་ཁུང་སོགས་བརྒྱབ་ན་ནད་ཡམས་ཕར་ཚུར་འགོ་རྒྱུའི་ཉེན་ཁ་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག
རྒྱ་གར་ནང་མི་གྲངས་ས་ཡ་བདུན་བརྒྱ་བརྒྱད་ཙམ་ལ་སྔོན་ཁབ་དང་པོ་ཐོབ་པ་དང་སྔོན་ཁབ་གཉིས་ཀ་བརྒྱབ་ཟིན་པ་བརྒྱ་ཆ་༣༠ ཙམ་རེད་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་བོད་པའི་སྤྱི་ཚོགས་ཁྲོད་བརྒྱ་ཆ་བརྒྱད་ཅུ་མ་ཟིན་ཙམ་གྱིས་ཏོག་དབྱིབས་གཉན་རིམས་སྔོན་ཁབ་གཉིས་ཀ་བརྒྱབ་ཟིན་པ་རེད། མི་ཁ་ཤས་ཀྱིས་སྔོན་ཁབ་གཉིས་པ་བརྒྱག་རྒྱུ་ལྷག་ཡོད་པ་དང་། སྔོན་ཁབ་གཉིས་ཀ་བརྒྱབ་པ་ཡིན་ན་ནད་ཡམས་ཕོག་པའི་སྐབས་ནད་གཞི་ལྗིད་པོ་ཆགས་པའི་ཉེན་ཁ་མི་ཡོང་བའི་དགེ་མཚན་ཡོད་པར་བརྟེན་མི་རྒན་པའི་ཁྲོད་སྔོན་ཁབ་མ་བརྒྱབ་པ་གང་ཙམ་ཡོད་པ་རྣམས་ལ་སྔོན་ཁབ་ངེས་པར་དུ་རྒྱག་དགོས་པའི་ལམ་སྟོན་ཡང་བྱས་འདུག།
གསར་འགོད་པ་སྐལ་བཟང་དོན་གྲུབ།