རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨུ་རུ་སུ་ལ་འཚམས་གཟིགས་སུ་ཕེབས་འདུག

ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཉིན་གཉིས་ཀྱི་རིང་ཨུ་རུ་སུ་ལ་འཚམས་གཟིགས་སུ་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༧ ནས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར(Jai shanker) ཨུ་རུ་སུ་ལ་འཚམས་གཟིགས་སུ་ཕེབས་ནས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་(Sergey Lavrov) དང་ཚོང་དང་བཟོ་ལས་ཀྱི་བློན་ཆེན(Denis Manturov) གཉིས་དང་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ས་གནས་དང་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་པ་རེད་འདུག

ཨུ་རུ་སུ་དང་ཡུག་རེན་བར་དུ་དམག་འཁྲུག་ལངས་ནས་ད་བར་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེ་དག་གི་རིང་ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ལ་ཉེས་འཛུགས་དང་དཔལ་འབྱོར་གྱི་ཉེས་ཆད་དུ་མ་ཞིག་བཅད་ཡོད་ན་ཡང་། ད་བར་རྒྱ་གར་གྱི་རྒྱལ་སྤྱིའི་སྡིངས་ཆ་གང་དུ་ཡང་ཨུ་རུ་སུ་ལ་ཉེས་འཛུགས་བྱེད་མེད་པ་དང་། ཡུག་རེན་གྱི་དམག་འཁྲུག་དེ་ལངས་ནས་བཟུང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨུ་རུ་སུ་ལ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག ཟླ་འདིའི་ཚེས་༡༥ ནས་ཉིན་གྲངས་གཉིས་ཀྱི་རིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ལྷན་ཚོགས་(G20) དེ་འཚོགས་རྒྱུ་ཡིན་པར་བརྟེན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨུ་རུ་སུ་ལ་འཚམས་གཟིགས་སུ་ཕེབས་པར་དགོས་པ་ཆེན་མོ་ཡོད་རབས་བརྗོད་བཞིན་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་ཞིབ་འཇུག་ཚན་པ་ཞིག་གིས་དཔྱད་ཞིབ་བྱས་པའི་གྲུབ་འབྲས་སུ། རྒྱ་གར་གྱི་གཞོན་སྐྱེ་མང་ཆེ་བས་ཕྱི་ལོ་༡༩༤༧ ལོ་སྟེ། རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་ཨུ་རུ་སུ་ནི་རྒྱ་གར་གྱི་ཆེས་བློ་གཏད་བཅོལ་རུང་བའི་ཟླ་རོགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་བརྗོད་འདུག

ལོ་འདིའི་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་གྱིས་ཨེ་རག་ནས་རྡོ་སྣུམ་རྗེན་པ་(crude oil) བརྒྱ་ཆ་༢༠.༥% དང་སའོ་དྷི་ཨ་རབ་ནས་རྡོ་སྣུམ་རྗེན་པ་བརྒྱ་ཆ་༡༦%་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། རྒྱུན་དུ་རྒྱལ་ཁབ་དེ་གཉིས་ནི་རྒྱ་གར་ལ་རྡོ་སྣུམ་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་ཡིན་མོད་ཀྱང་། ལོ་འདིའི་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་རྡོ་སྣུམ་རྗེན་པ་ནང་འདྲེན་གྱི་བརྒྱ་ཆ་༢༢% ཟིན་ཡོད་པར་བརྟེན། ཨུ་རུ་སུ་ནི་རྒྱ་གར་ལ་རྡོ་སྣུམ་མཁོ་སྤྲོད་བྱེད་མཁན་ཨང་དང་པོ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༡ ཟླ་བ་༤ པ་ནས་ཕྱི་ལོ་༢༠༢༢ ཟླ་བ་གསུམ་པའི་བར་གྱི་དུས་ཡུན་རིང་། རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱས་པའི་བརྒྱ་ཆ་ནི་རྒྱ་གར་གྱིས་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་རྡོ་སྣུམ་གྱི་བརྒྱ་ཆ་༠.༢% མ་གཏོགས་ཟིན་མེད་པ་རེད་འདུག ལོ་འདིའི་ཟླ་བ་གཉིས་པའི་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་དབང་གིས་ཡུ་རོབ་དང་ཨ་རི་སོགས་རྒྱལ་ཁབ་མང་པོ་ཨུ་རུ་སུའི་སྣུམ་ཉོ་རྒྱུ་ཉུང་དུ་བཏང་ཡོད་པའི་སྐབས་སུ། རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་རྡོ་སྣུམ་སོགས་ཉོས་ཡོད་པ་དང་། ལོ་འདིའི་ཟླ་བ་བརྒྱད་པའི་ནང་དུ་ཨུ་རུ་སུ་ནི་རྒྱ་གར་ལ་རྡོ་སྣུམ་མཁོ་སྤྲོད་བྱེད་མཁན་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུ་ནི་རྒྱ་གར་ལ་རྡོ་སྣུམ་མཁོ་སྤྲོད་བྱེད་མཁན་ཨང་དང་པོ་དེ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།

ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་བར་ལ་དམག་འཁྲུག་ལངས་ནས་བཟུང་ད་བར་རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་བར་དུ་ཐུག་འཕྲད་ཐེངས་བཞི་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།