རྒྱ་གར་གྱི་མངའ་སྡེ་༢༡ ནང་སྦག་སྦག་སྐོར་བསྐྱོད་ཀྱི་བོད་དོན་དྲིལ་བསྒྲགས།

རྒྱ་གར་གྱི་བོད་པའི་དམག་ཟུར་གཉིས་ཀྱིས་རྒྱ་གར་ནང་ཉིན་གྲངས་༩༠ རིང་བོད་དོན་སྐོར་བསྐྱོད་ཅིག་འགོ་འཛུགས་གནང་སོང་། ཁོང་གཉིས་ཀྱི་སྦག་སྦག་སྐོར་བསྐྱོད་དེ་ཕྱི་ལོ་༢༠༢༦ ཟླ་བ་༣ ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་རྒྱུ་ཡིན་འདུག


ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཐེངས་༧༧ དང་། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ནས་མི་ལོ་༣༦ འཁོར་བའི་ཉིན་དྷེ་ར་དྷུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་གཞིས་མི་དང་། རྒྱ་གར་ས་མཚམས་སྲུང་སྐྱོབ་ཀྱི་དམག་མི་ཟུར་པ་དང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་དང་། སྦིར་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་པ་བློ་གྲོས་དཔལ་ལྡན་གཉིས་ཀྱིས་ཕྱི་ཚེས་༡༠ ཉིན་ནས་འགོ་བཙུགས་ཏེ། ཕྱི་ལོ་༢༠༢༦ ཟླ་བ་༣ ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་བར་ཉིན་གྲངས་༩༠ རིང་རྒྱ་གར་གྱི་མངའ་སྡེ་༢༡ དང་ཐད་སྐྱོང་ས་ཁུལ་གཉིས་བཅས་ནང་སྐོར་བསྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འགོ་བཙུགས་གནང་སོང་། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་འདས་པའི་ལོ་འགའ་ཤས་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་བདུན་ཙམ་སྤེལ་ཡོད་ཅིང་། ཁོང་གི་རྐང་འཁོར་སྐོར་བསྐྱོད་ཐེངས་བདུན་པ་དེ་ཉེ་ཆར་ཟླ་བ་༡༡ ཚེས་༢༠ ཉིན་བཞུགས་སྒར་རྡ་སར་མཇུག་སྒྲིལ་ཡོད་པ་རེད།
ཁོང་གཉིས་ཀྱི་སྦག་སྦག་སྐོར་བསྐྱོད་དང་འབྲེལ་བའི་དྲིལ་བསྒྲགས་ཡི་གེའི་ནང་། ཐེངས་འདིའི་སྦག་སྦག་སྐོར་བསྐྱོད་དེ་༧གོང་ས་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བ་དང་། རྒྱ་གར་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་དྲག་གནོན་ལ་ངོ་རྒོལ། རྒྱ་གར་གཞུང་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་དེ་ཡིན།
ལས་འགུལ་འདི་ནི་བདེན་པ་སྲུང་སྐྱོབ་དང་། བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཤུགས་ཆེར་གཏོང་རྒྱུའི་ལས་འགུལ་ཞིག་ཡིན་པ་བརྗོད་འདུག
ཁོང་གཉིས་ཀྱི་ལས་འགུལ་དང་འབྲེལ་བའི་དོན་ཚན་བཞི་བཏོན་གནང་པ་ནང་།
དོན་ཚན་དང་པོ་དེ། བྱམས་བརྩེའི་ལོ་སྲུང་བརྩི།
ཕྱི་ལོ་༢༠༢༥ དེ་དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མིའི་གནས་སྡོད་ཁག་གིས་ལོ་འདི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན། ཁོང་གཉིས་ཀྱིས་ཀྱང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་ཡི་ཡོད་པ་དང་།
གཉིས་པ། རྒྱ་གར་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་ཡིན་པ།
ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ལ་དམག་བཙན་འཛུལ་བྱས་རྗེས་བོད་མི་ཚོ་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་བ་ནས་ད་བར་ལོ་དྲུག་ཅུ་ལྷག་འགོར་ཡོད། ལོ་ངོ་དེ་དག་གི་རིང་རྒྱ་གར་གྱིས། བོད་མི་ཚོ་ལ་རང་དབང་ངང་ཚོགས་པ་དང་སྒྲིག་འཛུགས་གསར་འཛུགས་རྒྱུའི་གོ་སྐབས་སྤྲད་ཡོད་པ་དང་། བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་ཀྱི་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བ་སོགས་བཀའ་དྲིན་ཆེན་པོ་ཡིན་པ་བརྗོད་འདུག
གསུམ་པ། རྒྱ་ནག་གིས་བོད་ཀྱི་ངོ་བོ་རིམ་པ་བཞིན་བསུབ་ཐབས་སྐོར།
བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཆེད་དུ་ཧ་ཅང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་དང་། བོད་ཀྱི་བྱིས་པ་ས་ཡ་མང་པོ་བཅའ་སྡོད་སློབ་གྲྭར་བཅུག་ནས་རང་གི་ཕ་མ་དང་ཁ་བྲལ་གཏོང་བཞིན་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་ངོ་བོ་དང་ཁ་བྲལ་བཏང་ནས་མ་འོངས་པར་བོད་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་བརྗོད་འདུག
བཞི་པ། རྒྱ་གར་གྱི་ས་མཚམས་ནི་བོད་དང་མཉམ་འབྲེལ་ཡིན་པ་ལས་རྒྱ་ནག་དང་མིན་པ།
ལོ་རྒྱུས་དང་རིག་གཞུང་གི་ངོས་ནས། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ནི་བོད་དང་མཉམ་འབྲེལ་ཡིན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་མཐའ་མཚམས་ནས་བཙན་འཛུལ་འགོ་འཛུགས་འགོག་མི་ཐུབ་མེད་པ་ནི་་བདེན་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནི་བདེན་པ་ཡིན་པ་ངོས་འཛིན་དང་། བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པར་ངོས་འཛིན་བྱས་ན་བོད་ལ་ཕན་ཐོགས་ཡོད་པ་མ་ཟད། རྒྱ་གར་རང་ཉིད་ལའམ་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་ཡང་འབྲེལ་བ་ཡོད་པ་བཅས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།