རྒྱ་གར་གྱི་མངའ་སྡེ་མཧཱ་ར་ཤི་ཀྲ་ལ་ཆུ་ལོག་གི་གནོད་འཚེ་ཕོག་པར་༧གོང་ས་མཆོག་གིས་ཐུགས་སྨོན་བསྩལ་འདུག
རྒྱ་གར་གྱི་མངའ་སྡེ་མཧཱ་ར་ཤི་ཀྲ་(Maharashtra) རུ་ཆུ་ལོག་ཚབས་ཆེན་བྱུང་ནས་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཕོག་པར་བརྟེན། ༧གོང་ས་མཆོག་གིས་མངའ་སྡེའི་བློན་ཆེན་ལ་ཐུགས་གསོའི་ཕྱག་འཕྲིན་བསྩལ་ནས་གནོད་འཚེ་ཕོག་པའི་མི་མང་ལ་བསྔོ་སྨོན་དང་ཐུགས་གསོ་མཛད་འདུག
འདས་པའི་ཉིན་ཆས་ནང་རྒྱ་གར་གྱི་མངའ་སྡེ་མཧཱ་ར་ཤི་ཀྲའི་ནང་དུ་ཆུ་ལོག་ཤུགས་ཆེན་བྱུང་ནས་མ་མཐར་ཡང་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བའི་ཁར། ས་ཁང་དང་རྒྱུ་ནོར་ལ་གཏོར་སྐྱོན་ཆེན་པོ་ཐེབས་ནས་མི་མང་རྣམས་ལ་དཀའ་སྡུག་ཆེན་པོ་འཕྲད་བཞིན་ཡོད་འདུག
༧རིན་པོ་ཆེ་མཆོག་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་བསྩལ་བའི་ཐུགས་གསོའི་ཕྱག་འཕྲིན་དེའི་ནང་། མངའ་སྡེ་དེའི་ནང་དུ་ཆུ་ལོག་ཚབས་ཆེན་རྒྱུགས་ནས་མི་རྒྱུ་གཉིས་ཀར་གྱོང་གུད་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོན་པར་ཐུགས་ཕམ་བྱུང་སྐོར་གསུངས་པ་མ་ཟད། འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་སྨོན་མཛད་འདུག
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨུ་དཱབ་བྷ་ལ་ས་ཧེབ་བྲཀ་རེ་ (Uddhav Balasaheb Thackeray) ལ་གནང་བའི་ཕྱག་འཕྲིན་དེའི་ནང་། ཁོང་གིས་“མངའ་སྡེ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཆུ་ལོག་གི་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་རམ་གང་ཐུབ་གནང་བཞིན་པ་ངོས་ནས་ཤེས་ཀྱི་ཡོད། ངོས་ཀྱིས་མཧཱ་ར་ཤི་ཀྲ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་བརྒྱུད་རྒུད་སྐྱོབ་དང་ཉེན་སྐྱོབ་སླད་རོགས་དངུལ་ཞལ་འདེབས་འབུལ་རྒྱུ་ཡིན་”ཞེས་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།