རྒྱ་གར་གྱི་ཚོང་ཤག་ཨང་དང་པོ་དེ་རྒྱ་ནག་གྱུར་འདུག
ཟླ་འདིའི་ཚེས་༡༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཐུབ་མེད་ན་ཡང་། འདས་པའི་ལོ་ངོ་གཅིག་གི་རིང་རྒྱ་དཀར་ནག་གཉིས་ཀྱི་བར་ཨ་སྒོར་ཐེར་འབུམ་བརྒྱ་དང་བཅོ་བརྒྱད་ལྷག་གི་ཚོང་འབྲེལ་བྱས་ནས་རྒྱ་ནག་ནི་རྒྱ་གར་གྱི་ཚོང་ཤག་ཨང་དང་པོ་དེ་གྱུར་ཡོད་འདུག

གོ་ལའི་ཚོང་ལས་ཞིབ་འཇུག་སྣེ་ཁྲིད་ཁང་གིས་སྙན་ཐོ་བཏོན་པའི་ནང་། ཕྱི་ལོ་༢༠༢༣-༢༠༢༤ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་ཨ་སྒོར་ཐེར་འབུམ་༡༡༨.༤ ཡི་ཚོང་འབྲེལ་བྱས་ནས་རྒྱ་ནག་ནི་རྒྱ་གར་གྱི་ཚོང་ཤག་ཆེ་ཤོས་སུ་གྱུར་ཡོད་འདུག
ཕྱི་ལོ་༢༠༢༡-༢༠༢༢་དང་༢༠༢༢-༢༠༢༣ བཅས་ལོ་ངོ་གཉིས་བསྟུད་མར་ཨ་རི་ནི་རྒྱ་གར་གྱི་ཚོང་ཤག་ཆེ་ཤོས་སུ་གྱུར་ཡོད་ཀྱང་། ཕྱི་ལོ་༢༠༢༣-༢༠༢༤ ནང་ཨ་རི་དང་རྒྱ་གར་གཉིས་ཀྱི་ཚོང་ལས་ཨ་སྒོར་ཐེར་འབུམ་༡༡༨.༣ དང་རྒྱ་དཀར་ནག་བར་གྱི་ཚོང་ལས་འོག་ཏུ་ཟགས་པར་བརྟེན། ཨ་རི་ནི་རྒྱ་གར་གྱི་ཚོང་ཤག་ཨང་གཉིས་པར་གྱུར་ཡོད་འདུག
ལོ་སྔོན་མའི་གྲངས་ཐོ་དང་བསྡུར་ན་རྒྱ་གར་གྱིས་དངོས་ཟོག་རྒྱ་ནག་ལ་ཕྱིར་འདྲེན་བྱས་པའི་བརྒྱ་ཆ་༨.༧ འཕར་ནས་ཨ་སྒོར་ཐེར་འབུམ་༡༦.༦༧ ཟིན་ཡོད་པ་དང་། དངོས་ཟོག་མང་ཆེ་བ་ནི་ལྕགས་ཀྱི་རིགས་དང་དེ་མིན་ཤིང་ཏོག་དང་སྔོ་ཚལ། སྲིན་བལ་དང་འགྱིག་གི་རིགས་ཆགས་ཀྱི་ཡོད་འདུག
རྒྱ་གར་གྱིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་༡༠༡.༧ གྱི་དངོས་ཟོག་ནང་འདྲེན་བྱས་ནས་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་༣.༢༤ འཕར་ཡོད་པ་དང་། ནང་འདྲེན་བྱས་པའི་དངོས་ཟོག་མང་ཆེ་བ་ནི་ལག་ཐོག་ཁ་པར་དང་གློག་ཀླད་ཀྱི་ཆ་ཤས་སོགས་ཆགས་ཀྱི་ཡོད་འདུག གཞན་ཡང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་དང་རྒྱ་གར་བར་ཨ་སྒོར་ཐེར་འབུམ་༨༣༦ གི་ཉོ་ཚོང་བྱས་ནས་རྒྱལ་ཁབ་དེ་རྒྱ་གར་གྱི་ཚོང་ཤག་ཆེ་ཤོས་ཨང་གསུམ་པ་གྱུར། རྒྱ་གར་གྱི་ཚོང་ཤག་ཨང་རིམ་བཞི་པ་དང་ལྔ་པ། དྲུག་པ་བཅས་ནི་ཨུ་རུ་སུ་དང་སོ་དྷི་ཨ་རབ། སེང་གྷ་པུ་བཅས་ཆགས་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།