རྒྱ་གར་གྱི་ཞིང་པ་ཚོས་རྒྱལ་ཡོངས་ངོ་རྒོལ་གྱི་ལས་འགུལ་བརྩམས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐའ་འཁོར་དུ་སྒར་བརྒྱབས་ནས་བསྡད་པའི་ཞིང་པ་དང་། ཞིང་པའི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱ་གར་གཞུང་ནས་ཉེ་ཆར་གཏན་ལ་ཕབ་པའི་ཁྲིམས་གསར་པ་དེ་ཕྱིར་འཐེན་མ་བྱས་བར་དུ་ཕྱིར་ནང་ལ་ལོག་རྒྱུ་མིན་པའི་དམ་བཅའ་བཞག་འདུག
རྒྱལ་ས་ལྡི་ལིའི་མཐའ་བསྐོར་ནས་ངོ་རྒོལ་བྱེད་བཞིན་པའི་ཞིང་པ་ཚོས། ཁ་སང་རེས་གཟའ་མིག་དམར་ཉིན་རྒྱལ་ཡོངས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ནས་གཞུང་ལ་ཞིང་པའི་ཐོན་སྐྱེད་ཉོ་ཚོང་དང་འབྲེལ་བའི་ཁྲིམས་གསར་པ་དེ་ཕྱིར་འཐེན་བྱེད་པའི་དགོས་འདུན་ཤུགས་ཆེན་བཏོན་འདུག
རྒྱ་གར་གཞུང་གིས་ཉེ་འཆར་ཞིང་པའི་ཐོན་སྐྱེད་ཉོ་ཚོང་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་པ་དང་། ཁྲིམས་གསར་པ་དེའི་ནང་ཞིང་པ་ཚོས་སོ་སོའི་ཐོན་སྐྱེད་རྣམས་དེ་སྔོན་ལྟར་གཞུང་གི་བཀོད་སྒྲིག་བརྒྱུད་མི་དགོས་པར་ཐད་ཀར་སྒེར་གྱི་ཚོང་པ་དང་། བཟོ་ཚོང་ཁང་རྣམས་ལ་འཚོང་ཆོག་པ་བཟོས་ཡོད།
རྒྱ་གར་གྱི་ཞིང་པ་ཚོས་གལ་སྲིད་ས་ཞིང་ཐོན་སྐྱེད་རྣམས་ཐད་ཀར་སྒེར་ལ་འཚོང་ཆོག་པ་བཟོས་པ་ཡིན་ན། སྒེར་གྱི་བཟོ་ཚོང་ཁང་ཆེན་པོ་རྣམས་ཀྱིས་ས་ཞིང་ཐོན་སྐྱེད་ཀྱི་ཚོང་ལས་ཡོངས་སུ་དབང་སྒྱུར་བྱས་ཏེ་རིན་གོང་དམའ་བོ་སྟེར་ངེས་པ་དང་། དེ་ལྟར་བྱུང་བ་ཡིན་ན་ས་ཞིང་ཉུང་ངུ་ལྡན་པའི་ཞིང་པ་རྣམས་ཀྱི་ཚོང་ལས་གཏན་དུ་འཆོར་ངེས་ཞེས་བཤད་དེ་ཁྲིམས་དེ་ཕྱིར་འཐེན་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་འདུག
ཉེ་བའི་བདུན་ཕྲག་འགའི་རིང་། རྒྱ་གར་གྱི་མངའ་སྡེ་པཱན་ཇབ(Punjab)དང་ཧ་རི་ཡ་(Haryana)ནས་ཡོང་བའི་ཞིང་པ་སྟོང་ཕྲག་མང་པོས་ལྡི་ལིའི་མཐའ་འཁོར་དུ་སྒར་བརྒྱབ་ནས་ངོ་རྒོལ་བྱས་དང་བྱེད་མུས་སུ་ཡོད་པ་མ་ཟད། གཞུང་ནས་ཁྲིམས་གསར་པ་དེ་ཕྱིར་འཐེན་མ་བྱས་བར་དུ་ཁྱིམ་དུ་ལོག་གི་མིན་པའི་དམ་བཅའ་ཡང་བཞག་འདུག
ཐེངས་འདིའི་ཞིང་པའི་ངོ་རྒོལ་ཆེན་པོ་འདི་ནི། ན་ནིང་གི་འོས་བསྡུ་ཆེན་མོའི་ནང་ཧིན་དྷུ་མཆོག་འཛིན་ཆབ་སྲིད་ཚོགས་པ་བྷ་ཇི་ཕེ་(BJP)ལ་བསྐྱར་དུ་རྒྱབ་ཁ་ཐོབ་པ་ནས་བཟུང་འཕྲད་པའི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག་ཅིང་། ཞིང་པ་སྐུ་ཚབ་དང་སྲིད་གཞུང་གཉིས་ཀྱི་བར་དུ་ད་བར་གྲོས་མོལ་ཐེངས་༥ ཙམ་བྱས་ཟིན་ན་ཡང་ཕན་འབྲས་མ་ཐོན་པར་ལུས་ཡོད་འདུག
ཞིང་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་འདིར་ཀོང་རཱ་སི་ཚོགས་པས་(Congress Party)མཚོན་པའི་ཆབ་སྲིད་ཚོགས་པ་ ༡༥ ཙམ་གྱིས་རྒྱབ་སྐྱོར་བྱེད་བཞིན་པ་མ་ཟད། ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་འགའི་འགོ་ཁྲིད་ཀྱིས་ཀྱང་རྒྱབ་སྐྱོར་གྱི་སྐད་ཆ་བཤད་འདུག་ན་ཡང་། རྒྱ་གར་གྱི་གཞུང་འཛིན་ཚོགས་པས་དེ་དག་ནི་གོ་སྐབས་བཟུང་ནས་རྙོག་ཟིང་སློང་མཁན་ཡིན་པའི་ཉེས་འཛུགས་དང་། གསར་དུ་གཏན་ལས་ཕབ་པའི་ཁྲིམས་གསར་པ་དེས་ཞིང་པའི་ཚོང་ལས་ལ་གནོད་སྐྱོན་ཐེབས་མི་སྲིད་ཅེས་བཤད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།