རྒྱ་གར་གྱི་ས་འོག་ཕུག་ལམ་ཞིག་རྡིབ་སྐྱོན་བྱུང་འདུག

ཟླ་འདིའི་ཚེས་༡༩ ཉིན་གྱི་དགོང་མོར་རྒྱ་གར་གྱི་མངའ་སྡེ་རྗ་མུ་དང་། ཤི་རི་ན་གྷར་གྱི་ལམ་ཆེན་དུ་བཟོ་སྐྲུན་བྱེད་བཞིན་པའི་ས་འོག་ཕུག་ལམ་ཞིག་གློ་བུར་དུ་རྡིབ་སྐྱོན་བྱུང་ནས། ལས་མི་བཞི་ལ་རྨས་སྐྱོན་ཕོག་ཡོད་པ་དང་གཞན་ལས་མི་༡༠ ས་འོག་ཕུག་ལམ་ནང་དུ་ལྷག་ཡོད་འདུག

ཁ་སང་རེ་གཟའ་ཕུར་བུའི་ཉིན་གྱི་དགོང་མོར་རམ་བྷེན་(Ramban) ས་ཁུལ་རྗ་མུ་དང་ཤི་རི་ན་གྷར་རྒྱལ་ཡོངས་ལམ་ཆེན་དུ་བཟོ་སྐྲུན་བྱེད་བཞིན་པའི་ས་འོག་ཕུག་ལམ་གྱི་ཆ་ཤས་ཕྲན་བུ་ཞིག་རྡིབ་སྐྱོན་བྱུང་ནས་ལས་མི་བཞི་ལ་རྨས་སྐྱོན་ཕོག་ཡོད་པ་དང་། གཞན་ལས་༡༠ ས་འོག་ཕུག་ལམ་ནང་དུ་ལྷག་ཡོད་པ་མ་ཟད། རྡིབ་སྐྱོན་བྱུང་བའི་ས་འོག་ཕུག་ལམ་དེའི་རིང་ཚད་མི་ཊར་༣༠ ནས་༤༠ བར་ཡོད་པ་འགྲེལ་ཡོད་ལས་བྱེད་པས་བརྗོད་ཡོད་འདུག

དེ་ཡང་ས་འོག་ཕུག་ལམ་གྱི་ཆ་ཤས་ཕྲན་བུ་ཞིག་རྡིབ་སྐྱོན་བྱུང་བའི་རྗེས། ས་གནས་ཉེན་རྟོག་པ་དང་དམག་མི་གཉིས་མཉམ་རུབ་ཐོག་ལས་མི་རྣམས་མྱུར་སྐྱོབ་བྱས་པ་བརྒྱུད། ད་ལྟའི་ཆར་ལས་མི་གསུམ་ཉེན་སྐྱོབ་ཐུབ་ཡོད་པ་དང་ད་དུང་ཡང་ལས་མི་བཅུ་ས་འོག་ཕུག་ལམ་ནང་ལྷག་ཡོད་པ་ས་གནས་གཞུང་འབྲེལ་ལས་བྱེད་པས་འགྲེལ་བརྗོད་བྱས་འདུག

དེ་བཞིན་ས་འོག་ཕུག་ལམ་རྡིབ་སྐྱོན་གྱི་རྐྱེན་པས་ཉེ་འགྲམ་དུ་ཡོད་པའི་རླངས་འཁོར་དང་འཕྲུལ་ཆས་མང་པོ་ལ་གཏོར་སྐྱོན་ཕོག་ཡོད་པ་དང་། ས་འོག་ཕུག་ལམ་ནང་དུ་ལྷག་ཡོད་པའི་ལས་མི་༡༠ པོ་ནི་ནུབ་བྷེང་གྷལ་ནས་ཡིན་པའི་ལས་མི་༥ དང་། བལ་པོ་༢། ཨ་སམ་པ་༡། ས་གནས་ཡུལ་མི་༢ བཅས་ཡོད་འདུག་ལ། ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་ལས་མི་དེ་དག་ས་གནས་རམ་བྷེན་(Ramban) སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་སྐྱོན་ཕོག་པའི་ལས་མི་དེ་དག་ལས་གཅིག་ད་ལྟ་ཛ་དྲག་རྐྱེན་པས་(GMC) རྗ་མུ་སྨན་ཁང་དུ་གནས་སྤོས་བྱས་ཡོད་འདུག

རྒྱལ་ཡོངས་ལམ་ཆེན་ཨང་༤༤ པའི་ས་ཁུལ་(Panthial) དུ་ས་རུད་མང་ཤོས་བྱུང་ཡུལ་གྱི་ས་གནས་ཤིག་ཡིན་པས། ལམ་ཆེན་དེར་ལོ་ལྟར་ས་རུད་ཀྱི་རྐྱེན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་དཀའ་ངལ་ཕར་མ་ཞིག་འཕྲད་བཞིན་ཡོད་པར་བརྟེན། དཀའ་ངལ་སེལ་ཐབས་སུ་ས་འོག་ཕུག་ལམ་དེ་བཟོ་སྐྲུན་བྱེད་པ་ཞིག་ཡིན་འདུག །

གསར་འགོད་པ་ཆོས་གྲགས།