རྒྱ་གར་གྱི་སྤྱི་ཚོགས་དང་བུད་མེད་ཀྱི་གཉེན་སྒྲིག་དོན་རྐྱེན། 

རྒྱ་གར་ནི་འཛམ་གླིང་ནང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང། རང་དབང་དང་གུ་ཡངས་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་ཀྱང། རྒྱ་གར་གྱི་ས་ཁུག་ལུང་ཁུག་མང་པོའི་ནང་དུས་ད་རུང་ཡང་རིགས་རུས་དང། ཕོ་མོ་དབྱེ་འབྱེད་སོགས་ཀྱིས་རྐྱེན་པའི་བུད་མེད་མང་པོ་ཞིག་དཀའ་སྡུག་གི་མུན་ནག་ཁྲོད་ནས་རང་ཉིད་ཀྱི་མི་ཚེ་མཇུག་རྫོགས་དགོས་འབྱུང་བཞིན་ཡོད་འདུག 

ད་ཆར་རྒྱ་གར་ནི་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ཡང། དཔལ་འབྱོར་གྱི་གནས་བབ་ནི་ད་དུང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། མི་མང་དཀྱུས་མའི་ཁྲོད་འཚོ་བའི་གནས་བབ་ནི་ད་དུང་ཞན་པོ་ཡིན། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ས་ཁུག་ལུང་ཁུག་མང་པོའི་ནང་དུས་ད་རུང་ཡང་རིགས་རུས་དང་། ཕོ་མོ་དབྱེ་འབྱེད་ཡོད་ཅིང་།  དམིགས་བསལ་གྱིས་བུད་མེད་ལ་ལྟ་སྟངས་དམན་པ་ཡོད་། བུད་མེད་ལ་ལྟ་སྟངས་དམན་པ་ཡོད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁྱིམ་ཚང་ནང་བུ་མོ་ཞིག་བཙས་པ་ན། བུ་མོ་དེའི་གཉེན་སྒྲིག་བྱེད་དུས་ནོར་སྐལ་ཕོན་ཆེན་སྤྲོད་དགོས་ཀྱི་ཡོད་པར་བརྟེན། ཁྱིམ་ཚང་སྐྱོ་བོ་ཞིག་ཡིན་ཚེ་ཕ་མ་གཉིས་ཕྲག་ཐོག་ཏུ་རང་བཞིན་གྱིས་འགན་འཁྲི་ཆེན་པོ་ཞིག་ཡོང་གི་ཡོད་པའི་རྐྱེན་གྱིས་བུ་མོ་མང་པོ་ཞིག་ཆུང་དུས་ཕ་མས་གཡུགས་པ་དང། མངལ་ནང་བུ་མོ་ཡིན་པ་ཤེས་རྗེས་གསོད་པ། དེ་བཞིན་གཉེན་སྒྲིག་སྐབས་སུ་ནོར་སྐལ་མག་པའི་འདོད་པ་ལྟར་སྤྲོད་མ་ཐུབ་ཚེ་བུད་མེད་དེ་གཉའ་གནོན་དང། རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་བུད་མེད་མང་པོ་རང་ཤི་རྒྱག་མཁན་ལོ་ལྟར་ཡོང་གི་ཡོད། 

ཕྱི་ཚེས་༤ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། ཉེ་ཆར་རྒྱ་གར་གྱི་མངའ་སྡེ་མ་དྷེ་པ་དྷེ་ཤིའི་སྦོལ་པེལ་(Bhopal) ས་ཆ་ནས་ཡིན་པའི་བུད་མེད་རང་ལོ་༢༧ མིང་ལ་གྷ་ཇེ་ནི་ཏར་ཝ་རེ་(Gunjan Tiwari)ཟེར་བའི་བུད་མེད་ཅིག་ལ་གཉེན་སྒྲིག་ཆེད་དུ་ནོར་སྐལ་སྤྲོད་རྒྱུ་མེད་པའི་རྐྱེན་གྱིས་སྐྱེས་པ་མང་པོ་ཞིག་གིས་མོ་དང་ལྷན་དུ་གཉེན་སྒྲིག་བྱེད་རྒྱུ་མོས་མཐུན་བྱེད་ཀྱི་མེད་པར་བརྟེན། མོས་རྒྱ་གར་གྱི་རྩ་ཁྲིམས་ནང་(A dowry Prohibition Act)ནོར་སྐལ་སྤྲོད་རྒྱུ་བཀག་སྡོམ་གྱི་ཁྲིམས་ལུགས་བཀོད་ཡོད་པ་བཞིན་ལམ་སྲོལ་དེ་བཀག་འགོག་ཆེད་ཁྲིམས་གཏུགས་བྱས་ཡོད་འདུག རྒྱ་གར་གྱི་(National Crime Records Bureau) ཚོགས་པའི་ཐོ་གཞུང་ནང་བལྟས་ན། ཕྱི་ལོ་༢༠༡༧ ནས་༢༠༢༢ བར་ཁྱོན་བུད་མེད་༣༥༤༩༣ གཉེན་སྒྲིག་ཆེད་ནོར་སྐལ་སྤྲོད་རྒྱུ་མེད་ནས་རང་ཤི་བརྒྱབས་པ་དང། བསད་པ་སོགས་བྱས་ནས་ཚེ་སྲོག་ཤོར་ཡོད་འདུག་ལ། ཆ་སྙོམས་ཀྱིས་ཉིན་གཅིག་ལ་བུད་མེད་༢༠ ནོར་སྐལ་སྤྲོད་རྒྱུ་མེད་ནས་ཚེ་སྲོག་ཤོར་གྱི་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་དོན་ལ་ལོ་ལྟར་རྒྱ་གར་ནང་བུད་མེད་༤༠༠༠༠༠ ཙམ་ཞིག་ལ་ཕོ་མོ་དབྱེ་འབྱེད་ཀྱི་དོན་རྐྱེན་འབྱུང་བཞིན་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་བུ་མོ་མངལ་ནས་གསོད་པའི་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པས། དོན་རྐྱེན་དེ་དག་ཡོང་རྩ་གཙོ་བོ་གཅིག་ནི་བུད་མེད་རྣམས་གཉེན་སྒྲིག་སྐབས་ནོར་སྐལ་སྤྲོད་རྒྱུ་མེད་པའི་རྒྱུ་རྐྱེན་ཡིན་པར་བརྗོད་འདུག  

གྷ་ཇི་ནེ་ཡི་པ་ལགས་ཀྱིས་འདས་པའི་ལོ་དྲུག་ནང་སྐྱེས་པའི་ནང་མི་༡༠༠ ནས་༡༥༠ ཙམ་ལ་ཁོ་མོ་དང་ལྷན་དུ་གཉེན་སྒྲིག་ཐབས་བྱས་ཡོད་ཀྱང་། ནོར་སྐལ་སྤྲོད་རྒྱུ་མེད་པའི་རྐྱེན་གྱིས་ཁོ་མོ་ལྷན་དུ་གཉེན་སྒྲིག་མཁན་གཅིག་ཀྱང་བྱུང་མི་འདུག དེ་སྔོན་ཕྱི་ཟླ་༡ ནང་ཁོ་མོའི་ནང་མིས་སྐྱེས་པ་ཞིག་དང་གཉེན་སྒྲིག་ཐབས་ཆེད་སྐྱེས་པ་དེའི་ཕ་དང་ལྷན་དུ་གྲོས་བྱས་ཀྱང་། བུའི་པ་ལགས་ཀྱིས་བརྗོད་དོན་ལ་བུ་མོའི་གཉེན་སྒྲིག་ཆེད་དུ་ནོར་སྐལ་ཧིན་སྒོར་ས་ཡ་༤་ནས་༦ ་བར་སྤྲོད་དགོས་ཚུལ་བརྗོད་པ་དང་། གལ་སྲིད་བུ་མོ་རྣམ་པ་ཡག་པོ་ཡོད་ཚེ་རིན་གོང་ཉུང་དུ་གཏོང་ཆོག་ཅེས་བརྗོད་ཡོད་འདུག གྷ་ཇི་ནེས་སྐད་ཆ་དེ་གོ་བ་དང་ཉིན་དེ་ནས་བཟུང་སྐྱེས་པ་སུ་ཞིག་ལ་ནོར་སྐལ་དགོས་ཚེ་ཁོང་མོས་ནམ་ཡང་གཉེན་སྒྲིག་མི་བྱེད་ཅེས་དམ་བཅའ་བཞག་ཡོད་འདུག་ལ། ཁོང་མོས་ས་གནས་ཉེན་རྟོག་ལས་ཁུངས་སུ་བསྐྱོད་ནས་ལམ་ལུགས་དེ་བཀག་སྡོམ་བྱེད་ཆེད་ཉེན་རྟོག་པར་ཞུ་གཏུག་བྱས་འདུག ཉེན་རྟོག་པས་བརྗོད་དོན་ལ་དབྱེ་འབྱེད་ཀྱི་ལམ་ལུགས་འདི་འགོག་ཐབས་ཡག་ཤོས་ནི་མི་སུ་ཞིག་གིས་ནོར་སྐལ་ཚུར་སློང་བ་དང་། ཕར་སྤྲད་པ་དག་བྱས་ཚེ་འཛིན་བཟུང་བྱེད་རྒྱུ་དེ་རེད་ཅེས་བརྗོད་འདུག དེ་བཞིན་བུད་མེད་ཀྱི་ཐོབ་ཐང་ལས་འགུལ་བ་( Kavita Srivastava) ཡིས་བརྗོད་དོན་ལ་ཉེན་རྟོག་པས་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་རོགས་རམ་བྱེད་ཐུབ་པས། ངེས་པར་དུ་རོགས་རམ་བྱེད་རོགས་ཞེས་བརྗོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།