རྒྱ་གར་གྱི་སྲིད་བློན་དང་འབྲེལ་བའི་གློག་བརྙན་ཞིག་བཀག་སྡོམ་བྱས་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་དང་འབྲེལ་བའི་རྩོད་རྙོག་ཅན་གྱི་དངོས་བྱུང་གློག་བརྙན་ཞིག་རྒྱ་གར་དབུས་གཞུང་གིས་བཀག་སྡོམ་བྱས་ཡོད་ན་ཡང་། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་དངོས་བྱུང་གློག་བརྙན་དེ་སྟོན་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༧ ཉིན་དབྱིན་ཇི་བྷི་བྷི་སི་གསར་ཁང་གིས་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གྱིས་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྒྱ་གར་གཞུང་གིས་དངོས་བྱུང་གློག་བརྙན་དེ་རྒྱ་གར་གྱི་ནང་དུ་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁྲིམས་ཤིག་ལུང་འདྲེན་བྱས་ནས་ཊུ་ཝི་ཊར་དང་ཡུ་ཊུ་དྲྭ་རྒྱ་ནང་དུ་ཡང་སྟོན་མི་ཆོག་པ་བཟོས་ཡོད་འདུག
ཟླ་འདིའི་ཚེས་༢༦ དགོང་མོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇཱ་མཱི་ཡ་མཱི་ལི་ཡ་(Jamia Millia Islamia) ཞེས་པའི་སློབ་གྲྭ་ཆེན་མོར་བྷི་བྷི་སི་གསར་ཁང་གིས་བཟོ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་དེ་སྟོན་འཆར་གྱི་གསལ་བསྒྲགས་སྤེལ་བའི་རྗེས། རྒྱ་གར་གཞུང་གིས་འཕྲལ་དུ་སློབ་ཆེན་དེའི་རྒྱལ་སྒོའི་མདུན་དུ་ཉེན་རྟོག་པ་བཀྲམ་བ་དང་། ཉེན་རྟོག་པ་ཚོས་མཆི་བྱིན་དུག་རླངས་དང་ཟིང་འགོག་མཚོན་ཆ་ཐོགས་ནས་འཁྲུག་རྩོད་འབྱུང་སྲིད་པར་སྔོན་འགོག་གི་གྲ་སྒྲིག་བྱ་རྒྱུ་འགོ་བརྩམས་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པ་ཚོས་སློབ་ཕྲུག་བཅུ་ལྷག་འཛིན་བཟུང་ཀྱང་བྱས་ཡོད་འདུག
བདུན་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་ཇཱ་བ་ཧར་ལ་ནེ་རུ་སློབ་ཆེན་དུ་ལྟད་མོ་དེ་སྟོན་གྲབས་བྱེད་པའི་སྐབས་སློབ་མ་འགའ་ཤས་ཀྱིས་གློག་ཐག་བཅད་པ་དང་དྲྭ་རྒྱ་བཀག་ཡོད་མ་ཟད། སློབ་མ་༢༠ ལྷག་གིས་སློབ་ཕྲུག་གི་ཁྲོད་དུ་རྡོ་འཕངས་ཡོད་འདུག་ལ། སློབ་ཆེན་གྱི་སྒོ་འགྲམ་དུ་ཉེན་རྟོག་པ་ཕོན་ཆེན་འཛོམས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གཞུང་གིས་ལྟད་མོ་དེ་བཀག་སྡོམ་བྱས་མིན་ལ་མ་ལྟོས་པ་ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་གྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་(Hyderabad) གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བ་༤༠༠ ལྷག་གིས་ལྟད་མོ་དེ་བལྟས་ཡོད་འདུག་ལ། ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་གྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་(Ambedkar) གཙུག་ལག་སློབ་གཉེར་ཁང་དུ་ཡང་ལྟད་མོ་དེ་བསྟན་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག
དངོས་བྱུང་གློག་བརྙན་དེར་ཚན་པ་གཉིས་ཡོད་པ་དང་། ཚན་པ་དང་པོའི་ནང་དུ་རྒྱ་གར་གྱི་སྲིད་བློན་མུ་དྷི་ཕྱི་ལོ་༢༠༠༢ ལོར་གུ་ཇ་ར་ཐེའི་སྲིད་བློན་ཡིན་པའི་སྐབས་སུ་ཧིན་རྡུ་དང་ཁ་ཆེ་ཆོས་བྱེད་བར་ཟིང་འཁྲུག་ཆེན་པོ་ཞིག་ལངས་ཡོད་པ་དང་། སྐབས་དེར་རྡུང་རྡེག་ཕོག་མཁན་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོར་བཅར་འདྲི་བྱས་པ་དག་ཡིན་པ་དང་། གློག་བརྙན་གྱི་ཚན་པ་གཉིས་པའི་ནང་དུ་ཕྱི་ལོ་༢༠༡༩ ལོར་སྲིད་བློན་མོ་དྷི་བསྐྱར་དུ་འདེམས་ཐོན་བྱུང་བའི་གཞུང་གི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༤ ལོར་མོ་དྷི་ཁོང་རྒྱ་གར་གྱི་སྲིད་བློན་ལ་འདེམས་ཐོན་བྱུང་ནས་བཟུང་། རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོར་བློ་སྟོབས་བསྐྱེད་ནས་ཁ་ཆེ་ཚོར་སྡང་ཟུག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པའི་ཐོག་སྲིད་བློན་མོ་དྷི་ཡིས་དེ་ལ་བཀག་འགོག་བྱེད་ཀྱི་མེད་པའི་གནས་ཚུལ་འཁོད་ཡོད་འདུག
ད་ལྟའི་ཆར་རྒྱ་གར་གཞུང་གིས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་དངོས་བྱུང་གློག་བརྙན་དེ་བཀག་སྡོམ་བྱེད་བཞིན་ཡོད་ན་ཡང་། རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་པའི་ཐོག རྒྱ་གར་གྱི་སློབ་ཕྲུག་མང་པོས་དངོས་བྱུང་གློག་བརྙན་དེ་སྤྱི་ཚོགས་དྲྭ་རྒྱ་གང་མང་ཐོག་ཏུ་བརྒྱུད་སྤེལ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།