རྒྱ་གར་གྱི་སྲིད་བློན་མོ་དྷིས་མི་མང་ཉམ་ཐག་ལ་དགོངས་སེལ་ཞུས་འདུག 

སྲིད་བློན་མི་དྷིས་གློ་བུར་དུ་རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་ནས་མི་མང་ཉམ་ཐག་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་དུ་བཅུག་པར་དགོངས་སེལ་ཞུས་འདུག 

དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་སྔོན་བརྡའི་གསལ་བསྒྲགས་མེད་པར་གློ་བུར་དུ་རྒྱ་གར་རྒྱལ་ཡོངས་བདུན་ཕྲག་གསུམ་རིང་སྒོ་རྒྱག་དགོས་པའི་བཀའ་ཕབ་རྗེས།ཉམ་ཐག་མི་མང་ཁྲི་ཕྲག་མང་པོ་ཞིག་ལས་མེད་དང་བཀྲེས་སྐོམ་གྱི་གནས་སུ་ལྷུང་ཞིང་། གྲོང་དང་གྲོང་ཁྱེར་གཞན་ལ་ཨར་པོ་རྒྱུག་བཞིན་པའི་ངལ་རྩོལ་བ་བགྲང་ལས་འདས་པ་ཞིག་ལེ་བར་བརྒྱ་ཕྲག་མང་པོ་རྐང་ཐང་གིས་བརྒལ་ནས་སོ་སོའི་ཕ་ཡུལ་དུ་ལོག་དགོས་པའི་དཀའ་སྡུག་ཕྲད་དང་འཕྲད་མུས་སུ་ཡོད་པ་དང་། སྔོན་གྱི་འཆར་གཞི་མེད་པར་དེ་ལྟར་གློ་རྒྱག་ཁར་སྒོ་བརྒྱབ་པ་དེར་འཁང་ར་དང་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་སྟབས། སྲིད་བློན་མོ་དྷིས་དེ་ལྟར་ཐག་གཅོད་བྱེད་དགོས་ཐུག་པར་དགོངས་སེལ་ཞུས་འདུག 

ཁོང་གིས་ཕྱི་ཟླ་ ༣ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན་བདུན་རེའི་རླུང་འཕྲིན་ལས་རིམ་བརྒྱུད་དེ་བསྒྲགས་པའི་གསུང་བཤད་ནང་། “ཐོག་མར་ངས་མི་མང་ཡོངས་ལ་དགོངས་དག་ཞུ་འདོད་བྱུང་”ཞེས་ཁྱིམ་དུ་སྡོད་དགོས་པའི་བཀའ་རྒྱ་དམ་པོ་དེས་མི་མང་གི་འཚོ་བར་བརྡབ་གསིག་ཐེབས་པར་དགོངས་སེལ་ཞུས་ཤིང་། ལྷག་པར་དུ་“མི་མང་ཉམ་ཐག་ཚོས་ང་ཚོ་ལ་དཀའ་སྡུག་ཚད་མེད་སྟེར་མཁན་གྱི་སྲིད་བློན་འདི་འདྲ་ཞིག་འདུག་སྙམ་པའི་བསམ་བློ་ཏན་ཏན་འཁོར་ཡོད་ངེས་རེད།” ཡིན་ན་ཡང་། མགྱོགས་མྱུར་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་འདི་བཀག་འགོག་བྱེད་པར་ཐབས་ལམ་འདི་ལས་མེད་ཅེས་བརྗོད་པའི་ཐོག ཐབས་ལམ་དེས་རྒྱ་གར་ནད་ཡམས་ལས་མངོན་པར་རྒྱལ་དུ་འཇུག་ངེས་ཞེས་བསྣན་འདུག 

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ ༡༡༧༡ དང་། དེས་ཤི་བའི་མི་ ༢༩ བྱུང་ཡོད་པ་དེ། མི་འབོར་ཐེར་འབུམ་ ༡.༣ ལྡན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཅུང་ཉུང་ངུ་ཡིན་ཡང་། དཔྱད་བརྗོད་པ་འགའ་ཤས་ཀྱིས་རྒྱ་གར་གྱི་ནད་པའི་ཁ་གྲངས་ལྡབ་ལོག་གིས་འཕར་ནས་དཀའ་ཉེན་ཆེན་པོ་འཕྲད་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་འདུག

རྒྱ་གར་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཉམ་ཐག་མི་མང་ཚོ་ལ་ཟ་མ་དང་སྒོར་མོ་མཁོ་སྤྲོད་ཆེད་དུ་ཨ་སྒོར་ཐེར་འབུམ་ ༢༢.༦ གྱི་རོགས་དངུལ་བཏོན་ཡོད་ཀྱང་། དཔལ་འབྱོར་ཉམས་ཞིབ་པ་ཚོས་ཉམ་ཐག་ཚོའི་དཀའ་ངལ་སེལ་བར་རོགས་དངུལ་དེ་ལས་མང་བ་དགོས་ཚུལ་བཤད་ཀྱི་ཡོད་འདུག་སྟེ། ཕྱི་ལོ་ ༢༠༡༩ ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་ཐོབ་མཁན་གྱི་དཔལ་འབྱོར་མཁས་པ་ཨ་བྷི་ཇི་ཏྲི-བྷ་ནར་ཇི་(Abhijit Banerjee)དང་། ཨེ་སི་ཐར-ཌོ་ཧྥི་ལོ་(Esther Duflo)གཉིས་ཀྱིས་རྒྱ་གར་གྱི་བང་ཆེན་གསར་ཁང་(Indian Express)དུ་སྤེལ་བའི་རྩོམ་ཡིག་ཅིག་ཏུ། ཉམ་ཐག་རོགས་དངུལ་དེ་ལས་ཀྱང་མང་བ་ཞིག་མཁོ་སྤྲོད་བྱེད་དགོས་པ་དང་། “དེ་ལྟར་མ་བྱས་ན་ཉམ་ཐག་ཚོ་ལ་བཀའ་རྒྱ་རྩིས་མེད་གཏོང་བ་ལས་གདམ་ག་གཞན་ལྷག་མེད་”ཅེས་བྲིས་ཡོད་འདུག 

རྒྱ་གར་གྱི་དཔལ་འབྱོར་ལ་འདས་པའི་ལོ་དྲུག་ནང་འབྱུང་མྱོང་མེད་པའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར། ཉིན་གྲངས་ ༢༡ རིང་རྒྱལ་ཡོངས་སྒོ་བརྒྱབ་པའི་དེས་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་དེ་སྔར་བས་ཀྱང་ཆེ་རུ་བསྒྱུར་ངེས་ཡིན་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན།