རྒྱ་གར་གྱི་སྲིད་བློན་མུ་དྷི་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་རྒྱ་གཞུང་གི་ཁོང་ཁྲོ།

རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་གང་ཉིད་སྐུ་ཐང་བདེ་ཞིང་། སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུསཔར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་པ་དང་། བདུན་ཕྲག་གཅིག་གི་ནང་། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐོར་རྒྱ་གར་གཞུང་འབྲེལ་མི་སྣས་གསུང་བཤད་གནང་བར་སྐྱོན་བརྗོད་ཐེངས་གཉིས་བྱས་ཡོད་འདུག

པར། South China Morning Post

དེ་ཡང་ཟླ་འདིའི་ཚེས་༦ ཉིན། དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཆིབས་སྒྱུར་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་བློན་ཆེན་སྐུ་ཞབས་ར་ཇིབ་རན་ཅན་སིངྒ་ (Rajiv Ranjan Singh) མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་མཆོག ཆེ་བསྟོད་སྐུ་མགྲོན་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག་དང་། ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་སོགས་མཉམ་ཞུགས་ཐོག ༧གོང་ས་མཆོག་དགུང་གྲངས་༩༠ ལ་བཞེས་པའི་གཞུང་འབྲེལ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན། ཨ་རིའི་སྲིད་འཛིན་ཟུར་པ་གསུམ་གྱིས་བརྙན་ལམ་བརྒྱུད་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མུ་དྷི་དང་ཐའེ་ཝན་གྱི་སྲིད་འཛིན་གཉིས་ཀྱིས་ཀྱང་། ༧གོང་ས་མཆོག་ལ་འཚམས་འདྲི་ཞུས་འདུག

དེ་ཡང་། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཨིག་སི་དྲྭ་ཐོག་ཏུ། ངས་རྒྱ་གར་གྱི་མི་མང་ཐེར་འབུམ་༡།༤ དང་ལྷན་དུ། ༧གོང་ས་མཆོག་དགུང་གྲངས་༩༠ ལ་བཞེས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས། ༧གོང་ས་མཆོག་ནི་བྱམས་པ་དང་སྙིང་རྗེ། བཟོད་པ། ཚུལ་ཁྲིམས་བཅས་རྒྱུན་གནས་ཀྱི་མཚོན་རྟགས་ཤིག་ཡིན། ཁོང་གི་བཀའ་སློབ་ཀྱིས་ཆོས་ལུགས་རིས་མེད་ཀྱི་དད་ལྡན་པ་ཀུན་གྱིས་གུས་བཀུར་དང་ཡིད་སྨོན་ཐོབ། ང་ཚོས་༧མགོན་པོ་གང་ཉིད་སྐུ་གཟུགས་གསལ་ཐང་ངང་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད་ཅེས་སྤེལ།

པར། སྲིད་བློན་གྱི་ཨིག་སི་ནས་བླངས། སྲིད་བློན་མུ་དྷིའི་འཚམས་འདྲི།

རྒྱ་གར་གྱི་སྲིད་བློན་གྱི་འཚམས་འདྲི་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མོའོ་ནིན་༼Mao Ning༽ གྱིས་གསར་འགོད་པ་རྣམས་ལ། རྒྱ་གར་གྱིས་བོད་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ལ་ངོས་འཛིན་གསལ་བོ་དགོས་པ་དང་། ༧གོང་ས་མཆོག་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་དང་། ༧གོང་ས་མཆོག་གི་ཁ་བྲལ་གྱི་ངོ་བོ་དེ་གསལ་པོ་མཐོང་དགོས་པ། རྒྱ་གར་གྱིས་བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་ལ་ཁས་བླངས་པའི་དམ་བཅའ་ལ་བརྩི་སྲུང་བྱས་ནས། བྱ་སྤྱོད་ལ་གཟབ་ནན་བྱེད་དགོས་པ་མ་ཟད། གནད་དོན་དེ་དག་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་སོགས་བརྗོད་འདུག

གཞན་ཡང་།བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག ༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐུ་མགྲོན་དུ་མ་ཕེབས་གོང་། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་རྒྱུའི་དབང་ཚད་དེ་༧གོང་ས་མཆོག་རང་ཉིད་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཁོ་ནར་ཡོད་ཅེས་གསུངས་པའི་རྗེས། རེས་གཟའ་པ་སངས་ཀྱི་ཉིན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་གར་གྱིས་རྒྱ་དཀར་ནག་གཉིས་ཀྱི་ཡར་རྒྱས་དང་གོང་འཕེལ་འགྲོ་བཞིན་པའི་འབྲེལ་ལམ་ལ་སྣང་ཆུང་ངམ། གནོད་སྐྱོད་གཏོང་རྒྱུ་ལས་གཡོལ་དགོས་ཞེས་བརྗོད་འདུག་པ་བཅས། བདུན་ཕྲག་གཅིག་གི་ནང་། རྒྱ་གར་གྱི་གཞུང་འབྲེལ་མི་སྣས་༧གོང་ས་མཆོག་གི་སྐོར་བཀའ་མོལ་གནང་བར། རྒྱ་ནག་གིས་ངོ་རྒོལ་ཐེངས་གཉིས་བྱས་ཡོད་འདུག།

ཟླ་འདིའི་ཚེས་༧ ཉིན། རྒྱ་གར་གྱི་༼Firstpost༽ ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༤ ལོར། རྒྱ་གར་གྱི་སྲིད་བློན་མུ་དྷི་ལ་སྲིད་བློན་གྱི་རྒྱལ་ཁ་ཐོབ་རྗེས། ཁོང་གིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་ཡོང་ཐབས་སུ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་མེད་པ་དང་། ༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཡང་མ་ཞུས་ནས་རྒྱང་ཐག་རིང་ཙམ་འདུག་ཐབས་བྱས་ཡོད་ན་ཡང་། ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་རྗེས། ཕྱི་ལོ་༢༠༢༡ ལོར། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པར་བརྗོད་འདུག། །

གསར་འགོད་པ། བློ་བཟང་རྒྱ་མཚོ།