རྒྱ་གར་གྱིས་བོད་ལ་བཟུང་བའི་སྲིད་བྱུས་བསྐྱར་ཞིབ་བྱེད་པའི་དུས་ལ་བབ་ཡོད། 

སློབ་དཔོན་རཱ་མུའུ-མ་ནཱ་ཝན་(Prof Ramu Manivannan) གྱིས་བརྩམས། 

དཀོན་མཆོག་རབ་བརྟན་གྱིས་བསྒྱུར། 

(སློབ་དཔོན་རཱ་མུའུ-མ་ནཱ་ཝན་ནི་མཱ་དྷ་ར་སློབ་གྲྭ་ཆེན་མོ་(University of Madras)ཡི་ཆབ་སྲིད་སྡེ་ཚན་གྱི་སློབ་དཔོན་དང་འགན་འཛིན་ཡིན།)

བོད་ཅིའི་ཕྱིར་རྒྱ་གར་ལ་གལ་ཆེ་བའི་རྒྱུ་མཚན་འགའ་ཤས་ཡོད་པ་ལས། གལ་གནད་ཆེ་ཤོས་དེ་བོད་རྒྱ་གར་གྱི་ཁྱིམ་མཚེས་ཡིན་པ་དེ་རེད། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་ཀྱི་ད་ལྟའི་གནས་བབ་ཀྱི་དབང་གིས་རྒྱ་གར་གཞུང་ནས་ཆེས་སྤྱིར་བཏང་གི་བདེན་པ་འདི་དངོས་སུ་ངོས་ལེན་བྱེད་ཀྱི་མེད། བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་སྲུང་སྐྱོབ་བྱེད་མ་ཐུབ་པའི་ལོ་རྒྱུས་ཀྱི་ཕམ་ཁ་དེས། ང་ཚོ་ལ་ལེགས་ཉེས་རྣམ་དཔྱོད་ཀྱི་འདུ་ཤེས་བརླག་ཏུ་བཅུག་ཅིང་། རྒྱལ་ཁབ་ཀྱི་[ལོ་རྒྱུས་ཀྱི་]དྲན་ཤེས་ཉམས་སུ་བཅུག་ཡོད། སྲིད་བློན་ནེ་ཧ་རུ་(Jawaharlal Nehru) ཡི་བླ་ན་མེད་པའི་འགུགས་ཤུགས་དང་ཤུགས་རྐྱེན་གྱིས་ཁོང་སར་ཌར-ཕཱ་ཋེལ་(Sardar Patel) འདུས་པའི་ལས་གྲོགས་གཞན་ལས་རྒྱལ་བར་རོགས་བྱས་ཡོད་ཅིང་། དམིགས་བསལ་ཕྱི་འབྲེལ་སྲིད་བྱུས་ཀྱི་གནད་དོན་ཐོག་ནས་དེ་ལྟར་བྱུང་ཡོད། ང་ཚོ་རང་བཙན་གྱི་རྒྱལ་ཁབ་ཏུ་གྱུར་རྗེས། བོད་ལ་བཟུང་བའི་སྲིད་བྱུས་དེ་ཡང་དག་པར་བཅོས་པའི་ལོ་རྒྱུས་ཀྱི་གོ་སྐབས་དེ་ཤོར་ཡོད་པ་དང་། རང་བཙན་མ་ཐོབ་སྔོན་ལ། རྒྱ་གར་དབྱིན་ཇིའི་གཞུང་གི་སྲིད་བྱུས་དེ་གཙོ་བོ་དབྱིན་ཇིའི་བཙན་རྒྱལ་གྱི་ས་ཁོངས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་དང་ཁེ་ཕན་ལ་བསམ་བློ་གང་ཡང་བཏང་མེད། ཕྱི་ལོ་༡༩༥༠ ང་གྲངས་ནས་བཟུང་། ང་ཚོས་མུ་མཐུད་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་དེ་རྒྱ་ནག་རང་གིས་དྲག་ཤུགས་དང་བཙན་ཤེད་ཀྱི་ཐབས་ལ་བརྟེན་ནས་བཞག་པའི་སྒྲོམ་གཞིའི་ནང་དུ་ལག་བསྟར་བྱས་དང་བྱེད་ཀྱིན་ཡོད། ད་ནི་ང་ཚོས་གོམ་པ་ཕྱིར་ནུད་བྱས་ཏེ། སོ་སོའི་ལེགས་ཉེས་ཀྱི་འདུ་ཤེས་དེ་རྒྱ་ནག་གི་བཀའ་རྒྱའི་འོག་ཏུ་སྒུར་རྒྱུའི་ཚབ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བོད་དང་ལྷན་དུ་རིག་གཞུང་དང་། ཆབ་སྲིད། ས་ཁོངས། ས་ཁམས་ཆབ་སྲིད་བཅས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱེད་དགོས།

རྒྱ་གར་རང་བཙན་ཐོབ་པའི་རྗེས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་པའི་ནང་། རྒྱ་ནག་གིས་བོད་ལ་ཛ་དྲག་དང་དོ་ཁུར་ཤིན་ཏུ་ཆེན་པོ་བྱས་ཡོད་ན་ཡང་། རྒྱ་གར་གྱིས་ཕྱི་ལོ་༡༩༤༩ ནས་བཟུང་སྟེ་བོད་དུ་རྒྱ་ནག་གི་དམག་མི་འབོར་ཆེན་འབྱོར་བཞིན་པ་དེའི་གོ་དོན་རྟོགས་ཐུབ་མེད། རྒྱ་དཀར་ནག་གཉིས་ཀྱིས་ཕྱི་ལོ་༡༩༥༤ ལོའི་ཕྱི་ཟླ་༤ པའི་ཚེས་༢༩ ཉིན་ཆིངས་ཡིག་དོན་ཙན་ལྔ་(Panchsheel Agreement) ལ་མཚན་རྟགས་མ་བཀོད་གོང་དུ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཟིན་པ་དང་། རྒྱ་ནག་གིས་ཆིངས་ཡིག་དེ་ལས་ཁོང་ཚོར་གང་ཞིག་དགོས་པ་གསལ་པོར་རྟོགས་ཡོད། ཡིན་ན་ཡང་། སྲིད་བློན་ནེ་ཧ་རུས་སྣེ་ཁྲིད་པའི་རྒྱ་གར་གཞུང་གིས། [ཤར་ནུབ་]ཕྱོགས་གཉིས་ཀྱི་འགྲན་རྩོད་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་དབང་དུ་སྒྱུར་བའི་དུས་སྐབས་དེར་རྒྱ་གར་ལ་རང་དབང་ལྡན་པའི་ཕྱི་འབྲེལ་སྲིད་བྱུས་ཤིག་ཡོང་ཆེད་རྒྱ་ནག་གི་མཛའ་འབྲེལ་དང་ཞི་བདེ་མེད་ཐབས་བྲལ་བ་ཞིག་ཏུ་བརྩིས་ཡོད། 

ཞི་བདེ་མཉམ་གནས་ཀྱི་ཆིངས་ཡིག་དོན་ཚན་ལྔ་(the Five Principles of Peaceful Co-existence) ཡི་ཚད་གཞི་མཐོ་བའི་བསམ་བློར་སྐྱོན་ཆ་ཞིག་མེད་ཀྱང་། གནད་དོན་དེ་ང་ཚོའི་ཕྱི་འབྲེལ་སྲིད་བྱུས་ལ་ཁ་ལོ་སྒྱུར་བའི་ལག་བསྟར་ཁྲོད་དུ་ཡོད། ཆིངས་ཡིག་དོན་ཚན་ལྔའི་སྙིང་བཅུད་དུ་ང་ཚོ་ལ་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་པ་བཞག་ཡོད། ཡིན་ན་ཡང་། རྒྱ་གར་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཆིངས་ཡིག་དེ་འཇོག་པའི་གཞི་རྩའི་དམིགས་ཡུལ་ལ་ཁྱད་པར་བྱུང་ཡོད་དེ། ༡༩༥༤ ལོའི་ཕྱི་ཟླ་༤ པར་ཆིངས་ཡིག་དེར་མཚན་རྟགས་འགོད་པའི་སྐབས་བོད་ནི་རྒྱ་ནག་གིས་དོ་ཁུར་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཟིན་ཡོད། ནེ་ཧ་རུས་ཆིངས་ཆིག་དེ་འཛམ་གླིང་གི་ལམ་ལུགས་གཞན་ཞིག་(ཤར་ཕྱོགས་ཀྱིས་དབང་སྒྱུར་བའི་ལམ་ལུགས།)གི་གཞི་རྩ་དང་། ཕྱོགས་གཉིས་སུ་མ་ལྷུང་བའི་ལས་འགུལ་ཞིག་ཏུ་མཐོང་ཡོད། འོན་ཀྱང་། རྒྱ་ནག་གི་ཕྱོགས་ནས་ཕན་ཚུན་ཐེ་བྱུས་མི་བྱེད་པའི་དོན་ཚན་གསུམ་པ་དེ་ཞི་བདེ་མཉམ་གནས་ཀྱི་དོན་ཚན་ལྔ་པའི་ཆ་རྐྱེན་དུ་བརྩིས་ཏེ། རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐད་ལ་ཁྲིམས་མཐུན་གྱི་གླེང་སློང་ག་དུས་བྱས་ན་ཡང་རྒྱུན་དུ་དོན་ཚན་དེ་དྲངས་ནས་ཁ་འགོག་པའི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད། ཆིངས་ཡིག་དེས་རྒྱ་གར་གྱི་བོད་དོན་གླེང་བའི་སྐད་ངག་ཕྲོག་པ་མ་ཟད། རྒྱ་ནག་གི་བཙན་འཛུལ་མདུན་དུ་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་བྱ་སྤྱོད་དེ་ཡིད་ཆེས་དཀའ་བའི་ངང་ཁུ་སིམ་མེར་སྡོད་དུ་བཅུག་ཡོད།

ཕྱི་ལོ་༢༠༠༤ ལོར་ཆིངས་ཡིག་དོན་ཚན་ལྔ་ལོ་༥༠ འཁོར་བའི་དུས་དྲན་སྐབས། ཕྱི་འབྲེལ་ལས་ཁུངས་དང་རྒྱ་གར་གཞུང་ནས་“ལོ་ངོ་ལྔ་བཅུའི་རྗེས་ཏེ། ཆིངས་ཡིག་དོན་ཚན་ལྔ་བཞག་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན་ལའང་། ༡༩༥༤ ལོར་དཀྲོལ་བའི་རོལ་དབྱངས་དེ་ད་དུང་ཡང་ཞི་བདེ་མཉམ་གནས་ཀྱི་ཁ་ཕྱོགས་སྟོན་པའི་སྐར་མ་འཚོལ་བཞིན་པའི་འཛམ་གླིང་ནང་མུ་མཐུད་གཡོ་ལྷད་མེད་པར་བདེན་པས་གྲག་བཞིན་ཡོད་”ཅེས་འགྲེལ་བརྗོད་བྱས་ཡོད། ཆིངས་ཡིག་དོན་ཚན་ལྔ་ལ་མཚན་རྟགས་བཀོད་པའི་རྗེས་ཀྱི་མི་ལོ་ལྔ་བཅུ་དེ་དག་ལ་ཕྱིར་འདང་ཞིག་བརྒྱབས་ན། རྒྱ་དམག་གིས་བོད་རྒྱལ་ཁབ་དང་མི་མང་ཡོངས་རྫོགས་དབང་དུ་བསྡུས་པའི་ཁར། རྒྱ་ནག་གིས་བོད་ས་ཡོངས་སུ་བཟུང་བ་དང་། བོད་ཀྱི་གནའ་བོའི་ས་ཁོངས་དང་ཆབ་སྲིད་ཀྱི་ས་ཁྲ་ནས་ཁམས་དང་ཨ་མདོ་མར་ཕུད་དེ་བོད་མིའི་རིག་གཞུང་དང་ངོ་བོ་གཏན་དུ་སྒྱུར་བའི་ས་ཁོངས་འཛིན་སྐྱོང་ལ་འགྱུར་བ་བཏང་ཡོད། བོད་དུམ་བུར་བགོས་ནས་ཁམས་དང་ཨ་མདོ་ལྟ་བུའི་ཤར་ཕྱོགས་ཀྱི་ས་ཁུལ་རྣམས་རྒྱ་ནག་གི་ཞིང་ཆེན་ཟི་ཁྲོན་དང་མཚོ་སྔོན་ནང་དུ་བཅུག་ཡོད། 

རྒྱ་ནག་གིས་བོད་ཀྱི་ས་ཆ་དང་མི་མང་རྣམས་ཡོངས་སུ་དབང་དུ་བསྡུས་(དགོན་སྡེ་ཁག་གི་ཉིན་རེའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཀྱང་འདུས་ཡོད།) པའི་རྗེས། ལྷ་ས་ཆགས་སའི་བོད་ཀྱི་དབུས་དང་ནུབ་ཕྱོགས་ལ་“བོད་རང་སྐྱོང་ལྗོངས་”ཞེས་བཏགས་ནས་འཛམ་གླིང་གི་མིག་མདུན་དུ་ཤམ་བྷ་ལ་ཡིན་ཟེར་ནས་ངོམ་གྱི་ཡོད། ཕོ་བྲང་པོ་ཏ་ལ་ཡང་དམག་དང་། ཆབ་སྲིད། དྲ་བའི་ལྟ་སྲུང་ནན་པོའི་འོག་ཏུ་ཡོད། མདོར་བསྡུས་ནས་བཤད་ན། བོད་རྒྱ་ནག་ལ་ཤོར་བ་མ་ཡིན་པར། རྒྱ་གར་གྱིས་ཁྱིམ་མཚེས་བོད་ཤོར་བ་ཡིན། ཕྱོགས་ཡོངས་ནས་བཤད་ན། རྒྱ་གར་གྱི་མཐའ་མཚམས་གནད་དོན་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ཆབ་སྲིད་དང་དམག་གི་བཙན་འཛུལ་བྱས་པའི་སྐྱོ་གར་ལ་ཐུག་ཡོད་ལ། ཕྱི་ལོ་༡༩༦༣ ལོར་རྒྱ་ནག་དང་པ་ཀི་སི་ཐན་བར་དུ་ཆིངས་ཡིག་བཞག་པ་དེས་གནས་ཚུལ་དེ་ཁ་གསལ་དང་ཤུགས་ཆེ་རུ་བཏང་ཡོད་དེ། ཆིངས་ཡིག་དེའི་ནང་རྒྱ་ནག་གིས་བྱང་ལ་དྭགས་དང་ཀ་ཤི་མིར་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་བརྒྱ་ཕྲག་མང་པོའི་བདག་དབང་ཁོ་ཚོར་ཡོད་ཚུལ་བཤད་ཡོད་སྟབས། ཁྲིམས་དང་། ཆབ་སྲིད། ས་ཁམས་བཅས་ཀྱི་ཐོག་ནས་རྒྱ་གར་ལ་ཤུགས་རྐྱེན་དཔག་མེད་ཐེབས་ཡོད། 

རྒྱ་ནག་གིས་༡༩༦༢ ལོར་རྒྱ་གར་ལ་དམག་བརྒྱབས་པ་དེ། གཙོ་བོ་ཕྱི་ལོ་༡༩༥༩ ལོའི་ཡིད་སྐྱོ་བའི་གནས་སྟངས་ཀྱི་རྗེས་སུ་༧རྒྱལ་བ་རིན་པོ་ཆེ་དང་། ཁོང་གི་རྗེས་སུ་འབྲངས་པའི་བོད་མི་ཁྲི་བརྒྱད་ལ་རྒྱ་གར་གྱིས་སྐྱབས་བཅོལ་སྤྲད་པར་ཁོང་ཁྲོ་དང་མ་དགའ་ནས་བྱུང་བ་ཞིག་རེད། རྒྱ་ནག་གིས་ཕར་རྒོལ་བྱེད་པ་དང་ས་མཚམས་ཀྱི་རྩོད་རྙོག་ས་ཁུལ་གཞན་དུ་རྒྱ་སྐྱེད་གཏོང་བའི་ཆེད། སོ་སོའི་དགོས་མཁོ་དང་འཚམ་པའི་ས་ཁྲ་བཟོ་བའི་གཡོ་བྱུས་ཤིག་བེད་སྤྱོད་བཏང་བ་རེད། རྒྱ་མི་རྣམས་ཁྲོམ་རའི་དགོས་མཁོ་སྐོང་བའི་ཆེད་དུ་རྒྱལ་ཁབ་གཞན་གྱི་འཕྲུལ་ཆས་རྫུན་མ་བཟོ་བའི་ལག་རྩལ་ལ་མཆོག་ཏུ་གྱུར་བ་ལྟར། སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་དང་མཐུན་པའི་ས་ཁྲ་བཟོ་རྒྱུར་ཡང་མཆོག་ཏུ་གྱུར་ཡོད། རྒྱ་ནག་གི་རྣམ་དཔྱོད་ཀྱི་ཐོན་རྫས་(Intellectual properties) ལ་སོ་སོའི་ཁུངས་ཤིག་འདེད་དུ་མེད་ན་ཡང་། ཁོ་ཚོའི་ས་ཁྲ་དང་འཕྲུལ་ཆས་ལ་ཁུངས་གང་ཡིན་འདྲེན་སྲོལ་མེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་ནག་གི་རྫུན་བསྒྲགས་དང་། གཞན་གྱི་ཁྲིམས་མཐུན་ས་ཆ་ཁོ་ཚོར་དབང་བའི་ཧམ་བཤད་དེ་ཧན་མི་རིགས་གཙོ་བོར་འཛིན་པའི་རྒྱ་ནག་འཛུགས་སྐྲུན་རྒྱ་སྐྱེད་དང་། དབུས་ཀྱི་རྒྱལ་ཁམས་དེའི་གཡོ་བྱུས་ཀྱི་རིག་གཞུང་གི་ཆ་ཤས་སུ་གྱུར་ཡོད། 

རྒྱ་ནག་གིས་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་དང་། ཐག་རིང་གི་རྒྱལ་ཁབ་དག་ལ་ས་མཚམས་དང་ས་ཁོངས་ཀྱི་རྩོད་རྙོག་བསླངས་ཡོད། རྒྱ་ནག་གིས་བོད་རྡོག་རྫིས་གཏོང་བའི་གོམ་པ་ཆེན་པོ་ཞིག་སྤོས་པ་དང་། བརྒྱུད་རིམ་དེའི་ནང་བོད་མཐོ་སྒང་ཡོངས་རྫོགས་དང་བོད་ཆེན་པོ་མངའ་འོག་ཏུ་བསྡུས་པ་མ་ཟད། ༡༩༦༢ ལོར་རྒྱ་གར་ལ་ངོ་ཚ་ཆེན་པོ་སྟེར་ནས་འཛམ་གླིང་ཧང་སང་དུ་བཅུག་ཡོད། ༡༩༦༢ ལོའི་རྒྱ་ནག་གི་ཐབས་བྱུས་ནི་རྒྱ་གར་ལ་དོགས་ཟོན་མེད་པའི་སྐབས་ཕར་རྒོལ་བྱས་ཏེ་ས་མཚམས་ཀྱི་རྩོད་རྙོག་སློང་བ་དང་། དེ་ནས་རྫོགས་མཐའ་མེད་པའི་གྲོས་མོལ་གྱི་བརྒྱུད་རིམ་ལ་བསྟེན་རྒྱུ་དེ་ཡིན། དེ་ནི་རྫོགས་མཐའ་མེད་པའི་གྲོས་མོལ་ལ་བརྟེན་ནས་དགྲ་བོ་ཡིད་ཐང་ཆད་དུ་འཇུག་པའི་རྒྱ་ནག་གི་ཐབས་བྱུས་ཤིག་ཡིན་ཏེ། གྲོས་མོལ་ལ་བརྟེན་ནས་བོད་ཆེན་པོར་ལག་པ་འཆང་བ་དང་། རྒྱ་ནག་ལྕགས་རིའི་སྒོ་ཁ་ནས་སོག་དམག་འགོག་ཐབས་བྱས་པ་ལྟ་བུའི་ལོ་རྒྱུས་ཀྱི་བདེན་དཔང་ཡོད། མའོ་ཙེ་ཏུང་ནས་ཞི་ཅིན་ཕིང་བར་གྱི་རྒྱ་ནག་གི་དཔོན་པོ་ཚོས་ཐབས་བྱུས་འདི་རང་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་གཞན་དང་ལྷན་དུ་གྲོས་མོལ་བྱས་དང་བྱེད་ཀྱིན་ཡོད། ཏིང་ཞའོ་ཕིང་གིས་ང་ཚོ་ལ་དཀའ་རྙོག་ཅིག་སེལ་བའི་ཐབས་ལམ་མ་རྙེད་བར་དུ་མུ་མཐུད་གྲོས་མོལ་བྱས་ནས་འདུག་དགོས་ཞེས་བཤད་ཡོད། འདི་ནི་རྒྱ་ནག་གི་དགྲ་བོ་ཡིད་ཐང་ཆད་དུ་འཇུག་པའི་ཐབས་བྱུས་ཐུན་མོང་མ་ཡིན་པ་ཞིག་ཡིན།

དམག་འཁྲུག་གིས་རྒྱལ་ཁ་དང་ཕམ་ཁ་འདྲེན་སྲིད་ཀྱང་། སོ་སོའི་དྲན་ཤེས་ཉམས་པའི་རྒྱུ་རྐྱེན་བཙན་གྱིས་འཇོག་མི་ཐུབ། དྲན་ཤེས་ནི་གུན་གསབ་ཅི་ཙམ་སྤྲད་ཀྱང་གྲོས་མོལ་བྱེད་ཆོག་པ་ཞིག་མ་ཡིན། བོད་ང་ཚོའི་ཁྱིམ་མཚེས་རེད། རྒྱ་གར་གྱིས་ཅིའི་ཕྱིར་ལོ་རྒྱུས་ཀྱི་བདེན་པ་འདི་གཞོགས་སུ་བསྐྱུར་བ་ཡིན་ནམ། བོད་ལ་འདས་པའི་དུས་རབས་དུ་མའི་རིང་རྒྱལ་ཁབ་དང་མངའ་སྡེའི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་རིང་པོ་ཡོད། དམག་ཆེན་གཉིས་པའི་སྐབས་རྒྱ་ནག་སྐབས་དེའི་སྟོབས་ཆེན་རྒྱལ་ཁབ་དང་དམག་འཁྲུག་བྱེད་ཀྱིན་ཡོད་ན་ཡང་། བོད་སུ་སི་ན་ཊི་(Switzerland) ལྟར་བར་གནས་རྒྱལ་ཁབ་ཏུ་བསྡད་པ་དྲན་ན་ཆོག དབྱིན་ཇི་དང་ཨ་རིས་བོད་མཐུན་ཕྱོགས་རྒྱལ་ཁབ་ཏུ་ཞུགས་དགོས་པའི་གནོན་ཤུགས་སྤྲོད་མྱོང་ཡོད། ཕྱི་ལོ་༡༩༤༧ ལོའི་ཕྱི་ཟླ་༣ པའི་ནང་ལྡི་ལི་གསར་པར་སྲིད་བློན་ནེ་ཧ་རུས་སྣེ་ཁྲིད་པའི་རྒྱ་གར་བར་བརྒལ་སྲིད་གཞུང་(the Interim Government of India) གིས་གོ་སྒྲིག་བྱས་པའི་ཨེ་ཤི་ཡའི་འབྲེལ་ལམ་ཚོགས་འདུའི་(the Asian Relation Conference) ཐོག བོད་རྒྱལ་དར་དང་བཅས་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་ཐོག་ནས་མཉམ་ཞུགས་བྱས་ཡོད། ཚོགས་འདུ་འདིའི་སྟེང་རྒྱ་ནག་ཀྱང་ཡོད་རུང་བོད་བོད་ཀྱི་མཉམ་ཞུགས་ལ་ངོ་རྒོལ་བྱས་མེད། ཚོགས་འདུ་དེའི་རྗེས་ཀྱི་ལོ་ཤས་ནང་ཇི་ལྟར་བོད་རང་བཙན་གྱི་རྒྱལ་ཁབ་མ་ཡིན་པར་གྱུར་བ་རེད་དམ།  

གོ་བདེ་བོར་བཤད་ན། བོད་ནི་རྒྱ་གར་དང་། ལྷོ་ཨེ་ཤི་ཡ། ལྷོ་ཤར་ཨེ་ཤི་ཡ་བཅས་ཀྱི་དམག་དང་མི་སེར་(ཆུ་དང་། རང་བྱུང་ཐོན་རྫས། ཁོར་ཡུག) གཉིས་ཀའི་བདེ་འཇགས་ལ་གལ་གནད་ཆགས་ཡོད། རྒྱ་ནག་གིས་ལ་དྭགས་དང་ཨ་རུ་ནཱ་ཅལ་(Arunachal Pradesh) རྒྱ་གར་གྱི་ཆ་ཤས་ཡིན་པའི་ཁས་ལེན་དང་ངོས་འཛིན་གཉིས་ཀ་བྱེད་རྒྱུ་མ་རེད་ལ། ཐ་ན་རྒྱ་གར་གྱི་ས་ཁོངས་མང་པོ་ཞིག་ཁོ་ཚོའི་ཡིན་པའི་ཧམ་བཤད་ལས་དབང་སྒྱུར་དངོས་ཀྱི་ཐིག་མཚམས་(The line Actual Control) ལའང་གུས་བརྩི་བྱེད་པའི་གྲ་སྒྲིག་མེད། རྒྱ་དམག་དང་པ་ཀི་སི་ཐིན་གྱི་འབྲེལ་བ་དེས་རྒྱ་ནག་ཀ་ཤི་མིར་ལས་བརྒལ་ནས་ཧི་མ་ལ་ཡའི་ས་ཁུལ་གཞན་དུ་འཛུལ་རྒྱུ་ཡིན་པ་སྟོན་པའི་ཐོག རྒྱ་ནག་བལ་ཡུལ་ནང་ཤུགས་ཆེན་འཛུལ་ཟིན་ཡོད། དེ་བཞིན་འབྲུག་ལ་རྒྱ་དམག་གི་གནོན་ཤུགས་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་འབྲུག་ལ་རྒྱ་དཀར་ནག་གཉིས་ལ་བར་ཐག་གཅིག་པ་འཛིན་པའི་སྲིད་བྱུས་འཛིན་དུ་འཇུག་ཐུབ་པ་ཡིན་ན། ཧི་མ་ལ་ཡའི་ས་ཁུལ་དུ་རྒྱ་གར་ལ་ཁ་གཏད་གཅོག་པའི་ལས་དོན་དེ་ལེགས་པར་གྲུབ་ཟིན་པ་ཡིན། 

རྒྱ་གར་ལ་མཚོན་ན། བོད་ནི་ཀུན་སྤྱོད་ཀྱི་དཀའ་ངལ་ཙམ་མ་ཡིན་པར་དེ་ལས་ཆེ་བ་ཡོད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད། རྒྱ་གར་གྱིས་བོད་ཀྱི་གནད་དོན་རིམ་གྱིས་ཤུགས་ཆེ་རུ་བཏང་ནས་དམག་ཤུགས་ཐོག་ཏུ་བཀོལ་སྤྱོད་མ་བྱས་སྔོན་ལ་ཆབ་སྲིད་ཀྱི་ལག་ཆར་སྒྱུར་དགོས། ལམ་ཁ་འདི་སྙེག་པར། རྒྱ་གར་གྱིས་མ་མཐར་ཡང་བོད་ནི་ཉེ་དུས་ཏེ་༡༩༤༧ ལོའི་ཕྱི་ཟླ་༣ པའི་ནང་རྒྱ་གར་བར་བརྒལ་སྲིད་གཞུང་གིས་གོ་སྒྲིག་ཞུས་པའི་ཨེ་ཤི་ཡའི་འབྲེལ་ལམ་ཚོགས་འདུར་མཉམ་ཞུགས་བྱེད་མྱོང་བའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་པ་དེ་ཁས་ལེན་བྱེད་དགོས། དེ་དང་ཆབས་ཅིག་ང་ཚོའི་བྱིས་པ་ཚོར་ཕྱི་ལོ་༡༩༥༩ བར་དུ་བོད་ང་ཚོའི་ཁྱིམ་མཚེས་ཡིན་པའི་བདེན་པ་དེ་ཤེས་སུ་འཇུག་དགོས་ལ། ཁོ་ཚོར་སོ་སོའི་དགེ་རྒན་རྣམས་ལ་རྒྱ་ནག་ཇི་ལྟར་ང་ཚོའི་ཁྱིམ་མཚེས་སུ་འགྱུར་བའི་གནད་དོན་སྐོར་ལའང་དྲི་བ་འདྲི་རུ་འཇུག་དགོས། སྔོན་ཆད་རྒྱ་གར་ལ་རྒྱ་ནག་དང་འབྲེལ་བའི་རྒྱལ་མཚམས་ཤིག་མེད། དེའི་དཔང་རྟགས་གསལ་པོ་འབྲས་ལྗོངས་དང་། ཇ་མོའུ། ཀ་ཤི་མིར་བཅས་ཀྱིས་སྟོན་གྱི་ཡོད། རྒྱ་གར་གྱི་ས་མཚམས་དེ་བལ་ཡུལ་དང་། འབྲུག བོད་བཅས་ལ་འབྲེལ་ནས་ཡོད། འདི་ལྟར་ཡོང་བ་ལ། ང་ཚོའི་སློབ་གྲྭ་ཁག་གི་ཆབ་སྲིད་ས་ཁམས་སློབ་དེབ་དང་། ལོ་རྒྱུས་སློབ་དེབ་རྣམས་ལོ་རྒྱུས་མཁས་དབང་ཚོས། འབྲེལ་ལམ་ཡག་པོ་ཡོང་ཆེད་དངོས་ཡོད་དང་བདེན་པའི་དབྱེ་བ་མི་ཤེས་པའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་དགའ་དབང་ཤུགས་ཆེན་པོ་ཅན་རྣམས་དང་། ཆབ་སྲིད་པ་ངན་པ་རྣམས་ཀྱི་བཀའ་བཀོད་དང་དབང་ཤེད་མེད་པར་འབྲི་དགོས། ད་ནི་རྒྱ་གར་གྱིས་བོད་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་པའམ། མ་མཐར་ཡང་བོད་ང་ཚོའི་ཁྱིམ་མཚེས་ཡིན་པའི་ལོ་རྒྱུས་ཀྱི་བདེན་པ་དེ་ཁས་ལེན་བྱེད་པའི་དུས་ལ་བབ་ཡོད། །