རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་༥༩ བཀག་སྡོམ་བྱ་རྒྱུ།
རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་དང་འགལ་ཟླ་ཇེ་ཆེར་འགྱུར་བཞིན་པའི་སྐབས་འདིར། རྒྱ་གར་གཞུང་ནས་སྐད་འཕྲིན་གྱིས་མཚོན་པའི་རྒྱ་ནག་གི་མཉེན་ཆས་༥༩ བཀག་སྡོམ་བྱ་རྒྱུ་ཡིན་འདུག
ཕྱི་ཟླ་༦ ཚེས་༢༩ རེས་གཟའ་ཟླ་བའི་ཉིན་རྒྱ་གར་ཆ་འཕྲིན་འཕྲུལ་ཆས་ལས་ཁུངས་(technology ministry) ནས་བཀའ་རྒྱ་ཞིག་བསྒྲགས་པའི་ནང་། རྒྱ་ནག་ནས་ཐོན་པའི་མཉེན་ཆས་རྣམས་ཀྱིས་“རྒྱ་གར་རྒྱལ་ཁབ་ཀྱི་བདག་དབང་དང་། རྒྱལ་ཁབ་ཀྱི་བདེ་འཇགས། མི་མང་གི་འཚོ་བ་བཅས་ལ་གནོད་འཚེ་བྱེད་”ཀྱི་ཡོད་སྟབས། རྒྱ་ནག་གི་མཉེན་ཆས་༥༩ བཀག་སྡོམ་བྱ་རྒྱུ་ཡིན་སྐོར་འཁོད་འདུག
རྒྱ་གར་གཞུང་ནས་བཀའ་རྒྱ་དེ་བསྒྲགས་ཟིན་རྗེས། གྷོའུ་གྷོལ་(Google) དང་ཀུ་ཤུ་བཟོ་ཚོང་ཁང་གཉིས་ཀྱིས་མིང་ཐོའི་ནང་བཅུག་པའི་རྒྱ་ནག་གི་མཉེན་ཆས་དེ་དག་ཨན་ཌོར་(Android) དང་ཀུ་ཤུ་མཉེན་ཆས་ཚོང་ཁང་ནས་ཕྱིར་འཕུད་གཏོང་དགོས་ཀྱི་ཡོད་འདུག་ཀྱང་། ཕབ་ལེན་བྱས་ཟིན་པ་རྣམས་སྔར་རྒྱུན་ལྟར་བེད་སྤྱོད་གཏོང་ཐུབ་མིན་གྱི་གསལ་ཆ་མི་འདུག
རྒྱ་གར་གྱི་ཁྲོམ་རའི་ནང་རྒྱ་ནག་གི་རིན་གོང་ཆུང་ཞིང་སྤུས་ཚད་ཞན་པའི་དངོས་རྫས་ཀྱིས་བཙན་འཛུལ་བྱེད་བཞིན་པ་དེར་རྒྱ་གར་བ་ཚོར་མི་དགའ་བར་གྱུར་ནས་ཡུན་རིང་ཕྱིན་ཡོད་པའི་ཐོག ཟླ་བ་འདིའི་འགོ་སྟོད་དུ་ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ལོ་ངོ་བཅུ་ཕྲག་ལྔའི་ནང་འབྱུང་མྱོང་མེད་པའི་དྲག་པོའི་གདོང་ཐུག་ཆེན་པོ་ཞིག་བྱུང་ནས་རྒྱ་གར་གྱི་དམག་ལ་ཤི་རྨས་ཆེན་པོ་བྱུང་རྗེས། རྒྱ་གར་མི་མང་དང་ཆབ་སྲིད་པ་ཚོའི་ཁྲོད་དུ་རྒྱ་ནག་ལ་འཁོན་འཛིན་དང་སྡང་སེམས་འཆང་མཁན་མང་པོ་བྱུང་ནས་རྒྱ་ནག་གི་ཉེར་མཁོའི་ཐོན་རྫས་བཀག་སྡོམ་བྱེད་པའི་ལས་འགུལ་སྤེལ་བཞིན་པ་མ་ཟད། ད་ཐེངས་གཞུང་གིས་རྒྱ་ནག་གིི་མཉེན་ཆས་རྣམས་བཀག་སྡོམ་བྱེད་པའི་བཀའ་རྒྱ་བསྒྲགས་པ་ཡིན་འདུག
རྒྱ་གར་གཞུང་ནས་བཀག་སྡོམ་གྱི་བཀའ་རྒྱ་འདི་དངོས་སུ་ལག་ལེན་བསྟར་ཐུབ་པ་ཡིན་ན། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་དྲ་བའི་བཟོ་ཚོང་ཁང་རྣམས་ལ་གྱོང་གུན་ཚབས་ཆེན་འཕོག་རྒྱུ་ཡིན་འདུག་སྟེ། ད་ལྟ་རྒྱ་གར་འཛམ་གླིང་ནང་དྲ་ཐོག་ཞབས་ཞུ་དང་ཚོང་ལས་ཀྱི་ཁྲོམ་ར་ཆེ་ཤོས་ཤིག་ཏུ་གྱུར་ཡོད་སྟབས། རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ཀྱིས་རྒྱ་གར་ནང་མ་འཇོག་ཆེན་པོ་བྱས་དང་བྱ་འཆར་ཡོད་འདུག པེ་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་ཚོང་ཁང་བྷའེ་ཌན་སི་(Bytedance) ཡིས་ཉེ་ཆར་རྒྱ་གར་དུ་ལས་མི་མང་པོ་བསྡུས་པ་མ་ཟད། ཨ་སྒོར་ཐེར་འབུམ་༡ མ་འཇོག་བྱེད་པའི་འཆར་གཞི་ཡང་ཡོད་འདུག
དེ་བཞིན་རྒྱ་ནག་གི་མཉེན་ཆས་ཋིག་ཋོག་(TikTok) གཅིག་པུར་མཚོན་ན། རྒྱ་གར་དུ་མཉེན་ཆས་དེ་ཕབ་ལེན་དང་བེད་སྤྱོད་གཏོང་མཁན་ས་ཡ་༦༡༡ ཟིན་ཡོད་པ་དང་། དེ་ནི་མཉེན་ཆས་དེ་བཀོལ་མཁན་ཡོངས་ཀྱི་བརྒྱ་ཆ་༣༠.༣ ཆགས་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།