རྒྱ་གར་གྱིས་རྒྱ་ནག་ལ་དོ་སྙོམ་གྱི་ཐབས་ཇུས་ཤིག་སྤྱོད་བཞིན་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༠ ལོར། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་ནས་བཟུང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་ན་ཡང་། ད་ཆར་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་ན་ཡང་། དཀའ་ངལ་ཁག་ཅིག་སྔར་བཞིན་གནས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༨ ཉིན། རྒྱ་གར་གྱི་༼First post༽ ཞེས་པའི་གསར་ཁང་གིས་ཉེ་ཆར་ཐོན་པའི་གནས་ཚུལ་ཁག་ཅིག་ལུང་དུ་དྲངས་ནས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། དཀའ་ངལ་ཁག་ཅིག་མུ་མཐུད་གནས་ཡོད་པ་བརྗོད་འདུག
དང་པོ་རྒྱ་གར་གྱིས་རྒྱ་མིའི་མི་སེར་རྣམས་ལ་ཡུལ་སྐོར་མཐོང་མཆན་སླར་གསོ་བྱས་པ།
ཕྱི་ལོ་༢༠༢༠ ལོར། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུས་རྗེས། རྒྱ་གར་གྱིས་རྒྱ་ནག་གི་མ་འཛུགས་ལ་དམ་དྲག་བྱས་ཡོད་པ་མ་ཟད། རྒྱ་ནག་གི་མཉེན་ཆས་༢༠༠ ལྷག་བཀག་སྡོམ་བྱས། དེ་བཞིན་རྒྱ་ནག་གི་མི་སེར་ཚོ་ལ་ཡུལ་སྐོར་མཐོང་མཆན་བཀག་འགོག་བྱས་ནས་ད་བར་ལོ་ངོ་ལྔ་ཕྱིན་པའི་རྗེས། རྒྱ་གར་གཞུང་གིས་རྒྱ་མི་ཚོ་ལ་ཡུལ་སྐོར་མཐོང་མཆན་སྤྲད་རྒྱུ་སླར་གསོ་བྱས་ཡོད་འདུག་ལ། དེ་ནི་འབྲེལ་ལམ་སླར་གསོ་བྱ་རྒྱུ་ལ་དམིགས་པའི་བྱ་ཐབས་ཤིག་ཆགས་ཡོད་འདུག
རྒྱ་གར་གྱིས་རྒྱ་མི་ཚོ་ལ་ཡུལ་སྐོར་མཐོང་མཆན་སླར་གསོ་བྱས་པ་དང་འབྲེལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གོ་ཅཱ་ཁུན་གྱིས། མཐོང་མཆན་སླར་གསོ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཅེས་དང་། རྒྱ་ནག་གིས་མི་མང་ཕན་ཚུན་འགྲོ་འོང་ལ་མཐུན་རྐྱེན་ཤུགས་ཆེ་སྦྱོར་འདོད་ཡོད་ཅེས་བརྗོད་འདུག
གཉིས་ནི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤན་ཀར་ཟླ་འདིའི་ཚེས་༡༣ ནས་༡༥ བར་རྒྱ་ནག་ཏུ་འཚམས་གཟིགས་ཕྱིན་ཡོད་པ་དང་། དེ་ནི་ཕྱི་ལོ་༢༠༢༠ ལོའི་གདོང་ཐུག་རྗེས་སུ་འཚམས་གཟིགས་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། འཚམས་གཟིགས་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གྱི་མདུན་སྐྱོད་ཁྲོད་གོམ་སྟབས་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག
སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ཕྱི་སྲིད་བློན་ཆེན་ལྷན་ཚོགས་སུ་མ་ཞུགས་གོང་། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཕྱི་སྲིད་བློན་ཆེན་ཝང་དབྱིང། སྲིད་འཛིན་གཞོན་པ་ཧན་ཀྲེང་བཅས་ལ་ཐུག་འཕྲད་བྱས་ཤིང་། ཁོང་གིས་ཟླ་བ་དགུའི་རིང་། རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་རྒྱུན་ལྡན་དུ་གཏོང་བའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་དང་། ས་མཚམས་སུ་ཞི་བདེ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཕན་ཚུན་དབར་གྱི་འཐབ་ཇུས་ཀྱི་ཡིད་ཆེས་ཀྱི་རྩ་བའི་གཞི་རྟེན་ཡིན་ཞེས་དང་། ཛ་དྲག་གི་གནས་སྟངས་སྔར་བས་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག
གསུམ་པ་རྒྱ་ནག་གིས་རྒྱ་གར་གྱི་གནས་སྐོར་བ་ཁྲི་བརྒྱད་ལྷག་ལ་མཐོང་མཆན་སྤྲད་པ།
རྒྱ་གར་གྱིས་རྒྱ་ནག་གི་ཡུལ་སྐོར་བ་རྣམས་ལ་མཐོང་མཆན་སྤྲད་པའི་ལན་གྱི་ཚུལ་དུ། རྒྱ་ནག་གིས་ཕྱི་ལོ་༢༠༢༥ ལོར། གནས་མཇལ་ཕེབས་མཁན་ལ་གཙོ་བོ་དམིགས་ནས་རྒྱ་གར་བ་༨༥༠༠༠ ལྷག་ལ་མཐོང་མཆན་སྤྲད་འདུག རྒྱ་ནག་གི་གཞུང་ཚབ་ཞུས་ཧྥེ་ཧོང་གིས་ཨིག་སི་དྲ་ཐོག་ཏུ། ཕྱི་ལོ་༢༠༢༥ ཟླ་༤ ཚེས་༩ བར། རྒྱ་གར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་དང་དོན་གཅོད་ཁང་གིས་ད་ལོ་རྒྱ་ནག་ཏུ་ཕེབས་མཁན་རྒྱ་གར་གྱི་མི་མང་རྣམས་ལ་མཐོང་མཆན་༨༥༠༠༠ ལྷག་སྤྲད་ཡོད་ཅེས་དང་། རྒྱ་གར་གྱི་གྲོགས་པོ་མང་ཙམ་རྒྱ་ནག་ཏུ་ཕེབས་ནས། བདེ་འཇགས་དང་གསོན་ཤུགས་དང་མཛའ་བརྩེ་ལྡན་པའི་རྒྱ་ནག་ལ་མྱོང་ཚོར་ཐོབ་རྒྱུ་ལ་དགའ་བསུ་ཞུ་ཞེས་སྤེལ་འདུག
བཞི་པ་ཐད་འཕུར་གནམ་གྲུ་སླར་གསོ་བྱ་རྒྱུ་ལ་སྐུལ་འདེད་བཏང་བ།
ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བ་དང་། ཕྱི་ལོ་༢༠༢༠ ལོར་མཐའ་མཚམས་དམག་མིའི་བར་གདོང་ཐུག་བྱུང་བའི་རྗེས། ཐད་འཕུར་གནམ་གྲུ་དང་ཕན་ཚུན་འགྲུལ་བཞུད་མཚམས་བཞག་ཡོད་པས། ད་ཆར་ཕྱོགས་གཉིས་ཀའི་མི་མང་གྱི་འགྲོ་འོང་སྟབས་བདེ་ཡོང་ཆེད། རྒྱལ་ཁབ་ཕན་ཚུན་དུ་འགྲུལ་བཞུད་བྱ་རྒྱུ་དང་ཐད་འཕུར་གནམ་གྲུའི་མཐུད་ལམ་སླར་གསོ་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག
རྒྱ་དཀར་ནག་གཉིས་ཀྱི་བར་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་ན་ཡང་། གདོང་ལེན་བྱེད་དགོས་པའི་གནས་དོན་ཁག་ཅིག་མུ་མཐུད་ལྷག་ཡོད་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འདྲ་བ། རྒྱ་ནག་གི་ཚོང་ལས་ཁང་རྣམས་ཀྱིས་ལག་རྩལ་དང་འཕྲུལ་ལས་དག་རྒྱ་གར་དང་མཉམ་སྤྱོད་བྱེད་འདོད་མེད་པར་གྱུར་ཡོད་པ་དང་། གནས་དོན་དེས་དཔལ་འབྱོར་གྱི་མཉམ་ལས་ཟབ་མོ་ཡོང་རྒྱུ་ལ་དཀའ་ངལ་བཟོ་བཞིན་ཡོད་འདུག རྒྱ་གར་ནས་རྒྱ་ནག་ནི་ལོ་རྒྱུས་ཐོག་དགྲ་འཛིན་དང་། འགན་མི་ཁུར་བ། ཚོད་དཔག་དཀའ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པས། རྒྱ་ནག་གི་བྱ་སྤྱོད་ལ་རྟག་ཏུ་དོགས་ཟོན་བྱེད་དགོས་ཆགས་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱི་ཚོད་དཔག་དཀའ་བའི་སྲིད་བྱུས་ཀྱི་དབང་གིས། རྒྱ་དཀར་ནག་གཉིས་ཕན་ཚུན་ལ་རྩོད་རྙོག་ཡོད་ན་ཡང་། ཨ་རིའི་གནོན་ཤུགས་ལ་གདོང་ལེན་བྱེད་ཆེད། མཉམ་འབྲེལ་བྱེད་དགོས་ཐུག་ཡོད་འདུག ལྷག་པར་དུ་ཉེ་ཆར་རྒྱ་གར་དང་པ་ཀི་སི་ཐན་བར། ཉིན་གྲངས་བཞིའི་རིང་ཛ་དྲག་གི་གནས་སྟངས་ཁྲོད། རྒྱ་ནག་གིས་སྦ་གསང་མེད་པར་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ཡོད་པས། རྒྱ་གར་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ན་ཡང་། གནས་དོན་ཆེ་ས་ལ་དམིགས་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་འགོག་རྐྱེན་བཟོ་ཐུབ་མེད་པར་བརྗོད་ཡོད་འདུག
ད་ལྟའི་ཆར་རྒྱ་གར་གྱིས་རྒྱ་ནག་ལ་ཡོངས་སུ་རྒྱབ་གཏོད་བྱེད་པ་མ་ཡིན་ལ། ཡོངས་སུ་ཡིད་ཆེས་ཀྱང་མ་བྱས་པར། དོ་སྙོམས་ཀྱི་ཐབས་ཇུས་ཤིག་སྤྱོད་བཞིན་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།