རྒྱ་གར་གྱིས་མལ་ཌེབ་སིའི་རྒྱབ་ཁབ་ནང་ཡོད་པའི་དམག་མི་དག་ཕྱིར་འཐེན་བྱ་རྒྱུའི་ཁས་ལེན་བྱས།

ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་ནང་ཡོད་པའི་དམག་མི་དག་ཕྱིར་འཐེན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

པར། THE HINDU

ཟླ་འདིའི་ཚེས་༣ ཉིན་མལ་ཌེབ་སིའི་སྲིད་འཛིན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མལ་ཌེབ་སིའི་ནང་ཡོད་པའི་རྒྱ་གར་གྱི་དམག་མི་དག་ཕྱིར་འཐེན་བྱེད་རྒྱུ་རྒྱ་གར་གྱིས་ཁས་ལེན་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་ཀས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞི་དང་འབྲེལ་བའི་གནད་དོན་ཁག་གི་དོན་དུ་ཆེས་མཐོའི་ལྷན་ཚོགས་ཤིག་གསར་འཛུགས་བྱེད་རྒྱུར་ཁས་ལེན་བྱས་ཡོད་ཅེས་བརྗོད་འདུག

གནད་དོན་དེ་དང་འབྲེལ་རྒྱ་གར་གཞུང་གིས་བརྗོད་གསལ་ལྟར་ན། ལོ་འདིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༩ (COP29) དེ་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་དྷུ་བྷེའི་ནང་འཚོགས་སྐབས། རྒྱ་གར་དང་མལ་ཌེབ་སིའི་སྲིད་འཛིན་གཉིས་ཟུར་དུ་མཇལ་ནས། རྒྱ་གར་གྱི་དམག་མི་ཕྱེར་འཐེན་བྱེད་རྒྱུ་དང་འབྲེལ་བའི་བཀའ་མོལ་གནང་ཡོད་འདུག

ལོ་འདིའི་ཕྱི་ཟླ་༡༠ པའི་ནང་། ལོ་ན་༤༥ ལ་སོན་པའི་མྰོ་རྫུ་(Muizzu) ཟེར་བ་དེ་མལ་ཌེབ་སིའི་སྲིད་འཛིན་གསར་པར་བསྐོ་བཞག་བྱས་ཡོད་པ་དང་། ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་ཁྲོད། ཡུལ་དེར་ཡོད་པའི་རྒྱ་གར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག ཁོང་ཉིད་སྲིད་འཛིན་ཆགས་རྗེས། ལོ་འདིའི་ཟླ་༡༠ ཚེས་༡༨ ཉིན་ཁོང་གིས་རྒྱ་གར་ལ་ཡུལ་དེར་ཡོད་པའི་རྒྱ་གར་གྱི་དམག་མི་རྣམས་ཕྱེར་འཐེན་བྱེད་པའི་རེ་བ་ཞུས་ཡོད་འདུག

ད་ལྟའི་ཆར་ཡུལ་དེར་རྒྱ་གར་གྱི་དམག་མི་༧༠ ཙམ་དང་ཐད་འཕུར་གནམ་གྲུ་གཉིས། དེ་བཞིན་མཚོ་ཐོག་སྐོར་གཡེང་གནམ་གྲུ་ཁག་ཅིག་ཡོད་འདུག

ཕྱི་ལོ་༡༩༦༥ ་ལོ་མལ་ཌེབ་སི་ལ་རང་བཙན་ཐོབ་ཡོད་པ་དང་། རྒྱ་གར་ནི་མལ་ཌེབ་སི་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་མཁན་དང་ཕྱི་འབྲེལ་འཛུགས་མཁན་ཐོག་མའི་གྲས་ཤིག་ཆགས་ཡོད་འདུག  རྒྱ་གར་དང་མལ་ཌེབ་སིའི་བར་ཆོས་དང་རིག་གཞུང་། དཔལ་འབྱོར་སོགས་ཀྱི་འབྲེལ་བ་ཟབ་མོ་ཡོད་འདུག ཡིན་ཡང་། ཉེ་བའི་ལོ་ཁ་ཤས་ནང་རྒྱ་ནག་གིས་ཡུལ་དེར་མ་འཛུགས་ཕོན་ཆེན་བྱས་ཤིང་། རང་དབང་ཚོང་དོན་གྲོས་མཐུན་འཇོག་ཐབས་བྱེད་བཞིན་ཡོད་འདུག ལྷག་པར་དུ་གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་མྰོ་རྫུ་(Muizzu) ་གྱི་ཆབ་སྲིད་ཚོགས་པ་དང་རྒྱ་ནག་བར་འབྲེལ་ལམ་ཟབ་མོ་ཡོད་འདུག

 གནས་ཚུལ་དབྱེ་ཞིབ་པ་ཚོས། གལ་སྲིད་ཕྱོགས་གཉིས་ཀྱི་བར་རང་དབང་ཚོང་དོན་གྲོས་མཐུན་བཞག་ན། དེ་ནི་རྒྱ་གར་གྱི་འཐུས་ཤོར་ཡིན་པ་དང་། འདས་པའི་དུས་སུ། རྒྱ་ནག་གཞུང་གིས་བལ་ཡུལ་དང་ཤྲི་ལངྒ་གཉིས་ལ་གནོན་ཤུགས་སྤྲད་ནས། རྒྱལ་ཁབ་དེ་གཉིས་དང་རྒྱ་གར་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་པ་ལྟར། རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་ལ་གནོན་ཤུགས་སྤྲད་ནས་རྒྱ་གར་དང་མལ་ཌེབ་སིའི་བར་གྱི་འབྲེལ་ལམ་ཞན་དུ་གཏོང་སྲིད་པ་རེད་ཅེས་བརྗོད་འདུག

མལ་ཌེབ་སི་རྒྱལ་ཁབ་དེ་ནི་གླིང་ཕྲན་ཆུང་ངུ་མི་འདྲ་བ་༡༢༠༠ ཡིས་འདུས་པའི་རྒྱལ་ཁབ་གཅིག་ཡིན་ཞིང། གླིང་ཕྲན་ཆུང་ངུ་༡༠༠ ཡི་ནང་གནས་འཆའ་མཁན་ཡོད་འདུག་པ་དང་། གླིང་ཕྲན་མང་པོ་ཞིག་ནི་ཡུལ་སྐོར་འགྲོ་སའི་ལྟེ་གནས་གྲགས་ཆེན་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།