རྒྱ་གར་གྱིས་ཨུ་རུ་སུའི་སྣུམ་རྒྱ་སྒོར་སྤྲད་ནས་ཉོ་བཞིན་ཡོད་འདུག

འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་ད་བར་ཨ་རིའི་སྟོབས་ཤུགས་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་དང་། དམག་དོན། རིག་གཞུང་། དཔལ་འབྱོར། དེ་བཞིན་ཤེས་ཡོན་གྱི་ལམ་ལུགས་སོགས་ཀྱི་ནང་མངོན་གསལ་དོད་པོས་འཛུལ་ཡོད་པར་བརྟེན། ད་ཆར་འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ནས་ཨ་རིའི་སྟོབས་ཤུགས་ལ་ཁ་གཏད་གཅོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
ཕྱི་ཚེས་༤ ་ཉིན་( firstpost) རྒྱ་གར་གྱི་གསར་ཁང་ཞིག་གི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་གར་གཙོས་པའི་རྒྱ་ནག་དང། ཨུ་རུ་སུ། བྷེར་ཛིལ་བཅས་ལས་གྲུབ་པའི་(BRICS) མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་དག་གིས་ཨ་སྒོར་གྱི་སྟོབས་ཤུགས་འགོག་ཐབས་ཆེད་རྒྱལ་ཁབ་སོ་སོའི་སྒོར་མོ་བེད་སྤྱོད་བྱེད་ཀྱི་ཡོད་པ་བཞིན། ལོ་སྔོན་མ་རྒྱ་གར་གྱིས་ཨུ་རུ་སུའི་སྣུམ་ཉོ་དུས་ཧིན་སྒོར་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང། འདི་ལོའི་ཕྱི་ཟླ་༦ ནས་རྒྱ་གར་གྱི་སྒོར་མོ་ཨུ་རུ་སུ་ལ་དེ་ཙམ་བེད་སྤྱོད་མེད་པའི་རྐྱེན་གྱིས་ད་ཆར་རྒྱ་གར་གྱི་སྣུམ་ཚོང་རྒྱག་མཁན་སྒེར་པ་གཉིས་ཀྱིས་རྒྱ་མིའི་སྒོར་མོ་བེད་སྤྱོད་བྱས་ཏེ་ཨུ་རུ་སུ་ནས་སྣུམ་ཉོ་བཞིན་ཡོད་པར་བརྟེན། རྒྱ་གར་གཞུང་གིས་སྣུམ་ཉོ་མཁན་སྒེར་པ་དག་ལ་གང་མགྱོགས་རྒྱ་སྒོར་བེད་སྤྱོད་མཚམས་འཇོག་བྱས་ནས་ཧིན་སྒོར་བེད་སྤྱོད་བྱེད་དགོས་པར་བརྗོད་འདུག རྒྱུ་མཚན་ནི་རྒྱ་ནག་གིས་ཚོང་འབྲེལ་བྱེད་སྐབས་རྒྱ་སྒོར་བེད་སྤྱོད་བྱས་ནས་ཨ་སྒོར་ལ་ཁ་གཏད་གཅོག་བཞིན་ཡོད་པ་དང། རྒྱ་སྒོར་གྱི་ནུས་པ་རྒྱལ་སྤྱིའི་ནང་སྤེལ་ཐབས་བྱེད་བཞིན་ཡོད་འདུག  སྤྱིར་རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱི་བར་ཚོང་འབྲེལ་བྱེད་དུས་རྒྱལ་ཁབ་སོ་སོའི་སྒོར་མོ་བེད་སྤྱོད་བྱེད་རྒྱུའི་ལངས་ཕྱོགས་བཟུང་ཡོད་ཀྱང་། འདི་ལོ་ལངས་ཕྱོགས་དེ་འགོག་རྐྱེན་འཕྲད་ནས་རྒྱུན་བསྲིང་ཐུབ་མི་འདུག 
རྒྱ་གར་གྱིས་ཕྱི་ལོ་༢༠༢༢ ཟླ་བ་༨ ནང་ཉིན་རེར་སྣུམ་སྣོད་ལྕགས་མདོང་༧༣༠༠༠༠ ཉོ་གི་ཡོད་པ་དང་། ཕྱི་ལོ་༢༠༢༣ ཟླ་བ་༦ ནང་ཉིན་རེར་ལྕགས་མདོང་ས་ཡ་༢་༡༧ ཉོ་གི་ཡོད་འདུག 
གསར་འགོད་པ། བསོད་ནམས་ཕུན་ཚོགས།

 
							 
							