རྒྱ་གར་ད་ཆར་འཛམ་གླིང་ནང་དམག་སྟོབས་ཆེ་ཤོས་ཨང་བཞི་པ་དེ་ཡིན་འདུག དང་པོ་དེ་སུ་ཡིན་ནམ།

གོ་ལའི་ཁྱོན་ཡོངས་སུ་དཔལ་འབྱོར་ཡར་རྒྱས་སྔར་ལས་ཇེ་ཆེར་འགྲོ་བཞིན་པ་དང་སྟབས་བསྟུན་ནས། རྒྱལ་ཁབ་སོ་སོའི་བདེ་སྲུང་ཆེད་དུ་དམག་སྟོབས་ཡར་རྒྱས་གཏོང་རྒྱུ་ནི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱ་གར་ལྟ་བུར་མཚོན་ན་དམག་སྟོབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་པ་ཀི་སི་ཐན་ལྟ་བུ་ཡོད་འདུག དམག་གི་སྟོབས་ཤུགས་ནི་མེད་དུ་མི་རུང་བ་གྱུར་ཡོད་པར་བརྟེན། རྒྱ་གར་ད་ལྟ་འཛམ་གླིང་ནང་དམག་གི་སྟོབས་ཤུགས་ཨང་བཞི་པ་དེ་ཡིན་འདུག
ཕྱི་ཚེས་༡༧ རྒྱ་གར་གྱི་(firstpst) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་(Global Firepower)གོ་ལའི་མེ་ཤུགས་ཟེར་བས་གནས་ཚུལ་སྤེལ་དོན་ལ། ཕྱི་ལོ་༢༠༢༤ ནང་རྒྱ་གར་ནི་འཛམ་གླིང་ནང་དམག་སྟོབས་ཆེ་ཤོས་ཨང་བཞི་པ་དེ་གྱུར་ཡོད་འདུག ད་ཆར་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་དང་། ཨི་སེ་རེལ་དང་ཧ་མ་སིའི་བར་གྱི་དམག་འཁྲུག ནུབ་ཨེ་ཤེ་ཡའི་ཁུལ་དུ་ཨི་རན་དང་པ་ཀི་སི་ཐན་བར་དམག་འཁྲུག་ཆེན་པོ་ཞིག་འབྱུང་ཉེན་ཡོད་པའི་འགྱུར་ལྡོག་ཆེ་བའི་དུས་སྐབས་སུ། རྒྱལ་ཁབ་སོ་སོའི་དམག་སྟོབས་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་འདུག གོ་ལའི་མེ་ཤུགས་ཟེར་བའི་དེ་ཡིས་ལོ་ལྟར་གོ་ལའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་དམག་གི་སྟོབས་ཤུགས་ག་ཚོད་ཡོད་མེད་ཀྱི་སྙན་ཐོ་འདོན་གྱི་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་འཛམ་གླིང་ནང་དམག་གི་སྟོབས་ཤུགས་ཆེ་ཤོས་དང་ཆུང་ཤོས་སོགས་ཀྱི་བང་རིམ་ཆ་ཚང་བཏོན་པའི་ནང་ཁྱོན་རྒྱལ་ཁབ་༡༤༥ ཡོད་འདུག་པ་དང་། དམག་གི་སྟོབས་ཤུགས་ཀྱི་ཚད་གཞི་འཇལ་དུས་ཆ་རྐྱེན་འགའ་ཤས་ཡོད་འདུག དཔེར་ན། དམག་མི་དང་དམག་གི་གོ་མཚོན་ག་ཚོད་ཡོད་མེད། དཔལ་འབྱོར་གནས་བབ་གང་འདྲ་ཡོད་མིན། དེ་བཞིན་ས་ཁམས་གནས་བབ་དང་རང་བྱུང་ཐོན་ཁུངས་སོགས་ཀྱི་ཐོག་ནས་ཚད་གཞི་འཇལ་གྱི་ཡོད་འདུག ཚད་གཞི་འཇལ་སྐབས་གྲངས་ཀ་ཀླད་ཀོར་འོག་ཏུ་ཡོད་ན་ཧ་ཅང་ཡག་པོ་ཡིན་པ་བརྩི་གི་ཡོད་འདུག ད་ཆར་འཛམ་གླིང་ནང་དམག་སྟོབས་ཆེ་ཤོས་ནི་ཨ་རི་དང་དམག་སྟོབས་སྐྱོ་ཤོས་སམ་ཆུང་ཤོས་ནི་འབྲུག་རྒྱལ་ཁབ་ཡིན་འདུག་པ་དང་། ཨ་རིའི་གྲངས་ཀ་ནི་༠་༠༦༩༩ ཡིན་འདུག དམག་སྟོབས་ཆེ་ཤོས་རྒྱལ་ཁབ་ལྔ་ནི་ཨ་རི་དང་། ཨུ་རུ་སུ། རྒྱ་ནག རྒྱ་གར། ལྷོ་ཀོ་རི་ཡ་བཅས་ཡིན་འདུག་ལ། དམག་སྟོབས་སྐྱོ་ཤོས་ཀྱི་རྒྱལ་ཁབ་ནི་མལ་ཌེབ་སི་དང་། སུ་རི་ནམ། སོ་མ་ལེ་ཡ། བྷེ་ནམ། འབྲུག་རྒྱལ་ཁབ་བཅས་ཡིན་འདུག
སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ། ཨུ་རུ་སུས་ཡུག་རེན་ལ་དམག་འཁྲུག་འགོ་བཙུགས་ནས་ཉིན་གྲངས་༦༩༣ འགྲོ་བཞིན་ཡོད་པ་དང་། དེའི་རིང་ལ་ཨུ་རུ་སུའི་དམག་སྟོབས་ཉམས་ཡོད་པས་ཨང་གཉིས་པ་ཡོང་སྲིད་ཀྱི་མ་རེད་ཅེས་རྗོད་ཀྱི་ཡོད་འདུག ཨ་རི་དང་པོ་ཡིན་པ་དང་ཨ་རི་ལ་དམག་མི་༡༣༢༨༠༠༠ དང་། དམག་གི་གནམ་གྲུ་༡༣༢༠༩ ། གནམ་གྲུ་འཁུར་ཐུབ་པའི་གྲུ་གཟིངས་༡༡། ལྕགས་ཁྲབ་འཁོར་ལོ་༤༦༥༧ བཅས་ཡོད་འདུག
རྒྱ་ནག་ལྟ་བུར་མཚོན་ན་དམག་མི་ཁྱོན་༢༠༣༥༠༠༠ ། དམག་གི་གནམ་གྲུ་༣༣༠༤ ། གནམ་གྲུ་འཁུར་ཐུབ་པའི་གྲུ་གཟིངས་༢ བཅས་ཡོད་འདུག་ཀྱང་། ས་ཁམས་གནས་བབ་དང་རྡོ་སྣུམ་ཐོན་ཁུངས། རང་བྱུང་རླངས་རྫས། ས་མཚམས་སོགས་ཀྱི་གནད་དོན་ཐད་རྒྱ་ནག་སྐྱོ་བོ་ཡིན་འདུག ལྷོ་ཀོ་རི་ཡ་ཨང་ལྔ་པར་སླེབས་ཐུབ་ཡོད་འདུག་པ་དང་། དབྱིན་ཡུལ་མར་ཟག་ནས་ཨང་དྲུག་པ་ཡིན་འདུག ཉི་ཧོང་ཨང་བདུན་པ་དང་ཊོར་ཀི་ཨང་བརྒྱད་པ། པ་ཀི་སི་ཐན་ཨང་དགུ་པ་ཡིན་འདུག
རྒྱ་གར་གྱི་གྲངས་ཚད་ནི་༠་༡༠༢༣ དང་ཨང་བཞི་པ་ཡིན་འདུག་ཅིང་། རྒྱ་གར་ལ་དམག་མི་ཁྱོན་༡༤༥༥༥༥༠དང་། དམིགས་བསལ་དམག་སྦྱོང་ཡོད་པའི་སྐྱེས་པ་ཁྱོན་༢༥༢༧༠༠༠ ཡོད་འདུག་ལ། དམག་གི་གནམ་གྲུ་ཁྱོན་༢༢༩༦། དམིགས་བསལ་གནམ་དམག་གི་གནམ་གྲུ་༦༠༦། ཐད་འཕུར་གནམ་གྲུ་༨༦༩། དམག་གི་གནམ་གྲུ་འཁུར་ཐུབ་པའི་གྲུ་གཟིངས་༢། གཏོར་རྒོལ་རིགས་བྱེད་མཁན་གནམ་གྲུ་༡༢། ཆུ་འོག་ཏུ་འགྲོ་མཁན་གྱི་དམག་གི་གྲུ་གཟིངས་༡༨ བཅས་ཡོད་འདུག ད་ཆར་རྒྱ་གར་རང་གིས་མུ་མཐུད་གོ་མཚོན་རིགས་མང་པོ་བཟོ་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།