རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་མེ་འཕེན་མཚམས་འཇོག་དང་གནམ་ཐང་དག་སྒོ་འབྱེད་རྒྱུ།

སྦི་སྦི་སི་གསར་ཁང་གི་པར།

ཟླ་བ་སྔོན་མར་ཇ་མུ་དང་ཀ་ཤི་མིར་དུ་རྒྱ་གར་གྱི་ཡུལ་སྐོར་བ་༢༦ ཙམ་དྲག་སྤྱོད་པས་བསད་པ་དང་། མང་པོ་ཞིག་རྨས་སྐྱོན་བཏང་ཡོད་པའི་རྐྱེན་གྱིས་རྒྱ་གར་གཞུང་ནས་དྲག་སྤྱོད་པ་དེ་དག་ནི་པ་ཀི་སི་ཐན་གྱི་བཀོད་སྒྲིག་འོག་ནས་རྒྱ་གར་ནང་མི་གསོད་དོན་རྐྱེན་བྱས་ཡོད་པར་བརྗོད་དེ། ཉིན་འགའི་སྔོན་དུ་པ་ཀི་སི་ཐན་གྱི་ནང་དུ་ཡོད་པའི་དྲག་སྤྱོད་པའི་རྟེན་གནས་ཁག་མང་པོ་ཞིག་ལ་གཏོར་རྒོལ་བྱས་པས། རྒྱ་གར་དང་པ་ཀི་སི་ཐན་བར་གྱི་རྩོད་རྙོག་དེ་ཛ་དྲག་ཏུ་ཆགས་ཡོད་ཀྱང་། ད་ཆར་ཨ་རིའི་གཞུང་གིས་བར་འདུམ་བྱས་ནས་འཁྲུག་རྩོད་མཚམས་བཞག་ཡོད་འདུག་ཀྱང་། པ་ཀི་སི་ཐན་གྱིས་ད་དུང་རྒྱ་གར་གྱི་ས་མཚམས་སུ་རྩོད་རྙོག་སློང་གི་ཡོད་པ་རྒྱ་གར་གྱིས་བརྗོད་འདུག

ཕྱི་ཚེས་༡༢ ཉིན་སྦི་སྦི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་སྔོན་མའི་ཚེས་༢༢ ཉིན་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་ནང་དྲག་སྤྱོད་པས་རྒྱ་གར་གྱི་ཡུལ་སྐོར་བ་མི་༢༦ བསད་པ་དང་། མང་པོ་ཞིག་རྨས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཧ་ཅང་གནོད་འཚེ་ཆེན་པོ་བཏང་ཡོད་པར་བརྟེན། ཟླ་བ་འདིའི་ཚེས་༧ ཉིན་རྒྱ་གར་གཞུང་གིས་སིན་དཱུའི་བྱ་འགུལ་ཟེར་བ་ཞིག་སྤེལ་ནས་པ་ཀི་སི་ཐན་ནང་དུ་ཡོད་པའི་དྲག་སྤྱོད་པའི་ལྟེ་གནས་དགུ་ལ་མེ་ཤུགས་འཕུར་མདའ་འཕངས་ནས་དྲག་སྤྱོད་པ་༧༠ ཙམ་བསད་ཡོད་འདུག་པ་དང་། གཞན་༦༠ རྨས་ཡོད་པར་བརྗོད་འདུག དེ་རྗེས་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ནས་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་ཧི་མ་ཅལ་དང་། ཇ་མུ་ཀ་ཤི་མིར། ལ་དྭགས། ཧ་རི་ཡ་ན། གྷུ་ཇི་ར་ཐི། པ་འཇབ་སོགས་ནང་ཡོད་པའི་གནམ་ཐང་ཚང་མ་གནས་སྐབས་རིང་གནམ་གྲུ་འཕུར་བསྐྱོད་མཚམས་འཇོག་བྱས། འོན་ཀྱང་། ཚེས་༧ རེས་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་སྤེལ་དོན་ལ། རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་ས་མཚམས་སུ་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་པར་བརྗོད། ཡིན་ཡང་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་མོས་མཐུན་བྱས་ནས་ཆུ་ཚོད་འགའ་ཤས་ཀྱི་རྗེས་སུ་པ་ཀི་སི་ཐན་གྱི་བྱ་འགུལ་(Operation Bunyan Al-Marsus)ཟེར་བ་ཞིག་སྤེལ་ནས་རྒྱ་གར་གྱི་ཇ་མུ་དང་ཀ་ཤི་མིར། གཞན་ས་ཆ་འགའ་ཤས་ལ་མི་མེད་ཀྱི་གནམ་གྲུ་བཏང་ནས་གཏོར་རྒོལ་བྱས་ཡོད་པ་རྒྱ་གར་གཞུང་གིས་སྐྱོན་བརྗོད་བྱས་འདུག་ལ། འདས་པའི་ཚེས་༩ ནས་ད་བར་ཨ་རི་དང་། དབྱིན་ཡུལ། སོ་དྷི་ཨ་རབ་གཙོས་པའི་རྒྱལ་ཁབ་ཁག་གིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་བར་འདུམ་བྱེད་ཐབས་བྱས་ཡོད་འདུག 

ཨ་རིའི་སྲིད་འཛིན་གཞོན་པ་(JD Vance)ཡིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་གནད་དོན་ལ་ཨ་རི་བྱུས་གཏོགས་མེད་པར་བརྟེན། དོན་རྐྱེན་དེའི་ནང་འཛུལ་འདོད་མེད། ང་ཚོས་རྒྱ་གར་ལ་རྩོད་རྙོག་དེ་མཚམས་འཇོག་བྱོས་ཞེས་བརྗོད་ཐུབ་ཀྱི་མ་རེད་ལ། དེ་བཞིན་པ་ཀི་སི་ཐན་ལ་ཡང་མཚམས་འཇོག་བྱོས་ཞེས་བརྗོད་ཐུབ་ཀྱི་མ་རེད། ང་ཚོས་ཐུབ་པ་ནི་རྒྱལ་ཁབ་ཕན་ཚུན་བར་གྲོས་མོལ་བྱས་ནས་རྩོད་རྙོག་སེལ་ཐབས་བྱེད་དགོས་པ་ལས་གཞན་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག སྲིད་འཛིན་ཊོམ་གྱིས་ངས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་འགོ་ཁྲིད་ངོ་ཤེས་ཀྱི་ཡོད། རྒྱ་ཁབ་དེ་གཉིས་ཀྱི་འགོ་ཁྲིད་ཚོས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག འདས་པའི་ཚེས་༧ ནས་ད་བར་ཕྱོགས་གཉིས་ཀྱི་ས་ཐོག་ཏུ་མི་མེད་གནམ་གྲུ་བཏང་རེས་བྱས་ནས་གཏོར་རྒོལ་བྱས་རྗེས་ད་བར་མི་༤༥ ཙམ་གྱི་སྲོག་ཤོར་ཡོད་པར་རྗོད་ཀྱི་འདུག 

དེ་རིང་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གཞུང་གིས་དེ་རིང་ནས་གནམ་ཐང་༣༢ སྒོ་འབྱེད་རྒྱུ་ཡིན་པ་དང་། མི་མང་འགྲུལ་བཞུད་བྱེད་ཆོག་པར་བརྗོད་ཡོད་འདུག པ་ཀི་སི་ཐན་ནང་གཟའ་སྤེན་པ་ནས་གནམ་གྲུ་འཕུར་སྐྱོད་བྱེད་བཞིན་ཡོད་འདུག གཟའ་ཉི་མའི་མཚན་མོ་ནས་ཕྱོགས་གཉིས་ཀའི་ས་ཐོག་ཏུ་མེ་འཕེན་གཅིག་ཀྱང་བྱས་མེད་པར་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་པར་བརྗོད་འདུག 

ད་ཆར་ཕྱོགས་གཉིས་ཀྱི་མེ་འཕེན་མཚམས་འཇོག་དེ་མུ་མཐུད་གནས་ཐབས་སུ་གྲོས་མོལ་བསྐྱར་དུ་བྱེད་རྒྱུ་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།